R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༥༧
[A:༦༥༧]རྒྱས། མགོན་ཁང་མཚན་ཐོགས། བོན་གྱི་ཕྱ་འགུགས། སྒྲོལ་མ་དང་གསེར་འོད་མཚན་འདོན། རྣམ་རྒྱལ་སྟོང་མཆོད་སོགས་རིམ་གྲོ་རྒྱ་ཆེར་སྔོན་འགྲོའི་དམར་ཕྱོགས་དགའ་བ་གཉིས་པའི་སྲོད་ཀྱི་ཆ་མཁའ་འགྲོ་འདུལ་བའི་དུས་ཀྱི་ཚེ་གསང་ཁོག་ཏུ་ད་ལྟའི་བདག་མོ་འདི་ཉིད་ཕེབས་ཤིང་མཚན་གྱི་མངའ་གསོལ་ཡང་རྗེ་ཉིད་ཀྱིས་སྩལ་ལོ། །ཟླ་བ་དེ་ནང་བསྟན་དགྲ་གདུག་པ་ཅན་སྐུ་གཉེར་དུ་རྫུ་བ་ཚ་བོ་དང་བཅས་ནས་ལས་ངན་ཇི་སྙེད་ཅིག་བསགས་པ་ལ་བརྟེན་དྲུག་ཅུ་པའི་གཏོར་བཟློག་གཅིག་ཀྱང་གནང༌། མགོ་ཟླའི་དགུན་ཆོས་ཐོག་རྗེ་ཉིད་ཀྱི་བཀའ་བཞིན་འཇམ་མགོན་དབང་སྡུད་སྙིང་པོའི་ཞལ་སྔ་ནས་དབུ་མ་ཐུགས་མཚོར་ཞུགས་པའི་གསུང་བཤད་ཀྱི་དགའ་སྟོན་ཡང་ལྷུག་པར་སྩལ་ཏོ། །དེ་དག་གི་དོན་བསྡུ་ན། དུས་གྲངས་མཚན་མའི་བསམ་གཏན་སྤྱིལ་པོའི་ངོགས། །ཕྱི་ནང་གསང་བ་གདོད་མའི་ལྷག་པ་ལྷའི། །རང་ཞལ་རྗེན་པར་གཟིགས་པའི་དྲིན་ཅན་རྗེ། །བདག་མེད་ལྷ་མོའི་བདག་ལས་གཞན་ན་འཁྲུལ། །སྣང་སྟོང་སྒྱུ་མ་ལྟ་བུའི་ཐབས་མཁས་ཀྱིས། །ལས་ཅན་དག་པའི་འཁོར་རྣམས་ཕྱག་རྒྱ་ཆེའི། །ཁང་བཟང་རྩེ་མོར་འཁྲིད་པའི་བླང་དོར་ལ། །སྣ་ཚོགས་རྒྱུ་འབྲས་ཆོས་སྦྱིན་མཛུབ་མོའི་འཕྲུལ། །དེ་ལྟའི་གཞལ་ཡས་སྟེང་དུ་རྟེན་བརྟེན་པའི། བྱི་དོར་གཙང་མའི་ཕོ་ཉས་བཀུག་པའི་མགྲོན། །མཚན་གསུམ་རིགས་ཀྱི་ཐིག་ལེའི་འབྱུང་ཁུངས་ཤིག །ཐེག་ཆེན་དབུ་མ་ཆེན་པོའི་ལམ་ནས་བྱོན། །ཅེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་ང་གཉིས་སུ་བྱོན་པ་ལྕགས་བྱི་རྒྱལ་ཟླའི་ཉེར་དགུར་ཟུར་འཆད་གྲུབ་དབང་དམ་པར་བཀའ་འདོམས་བཞིན། སྔོན་དུས་བདག་ཆེན་རྡོ་རྗེ་འཆང་བླ་བྲང་ཤར་ན་བཞུགས་སྐབས་ཤིག །གདན་ས་འདིར་རྒྱ་འདྲེ་མང་པོ་ཞིག་ལྷགས་ནས་སྒར་རྒྱབ། གདུགས་ཉི་འོག་ཏུ་སླེབས་པ་ཙམ་བྱས་ནས་གདན་སར་གཡོན་བསྐོར་བྱས་དུས། འཁྲུགས་པ་སོགས་མི་མཐུན་པ་ཡོང་འདུག་པ་དེ། དྲག་པོ་སྔགས་རྒོད་ཀྱི་སྤྱན་དམིགས་ཀྱིས་ཚར་བཅད་པའི་ལོ་རྒྱུས་མཆིས་པ་བཞིན།