R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༣༦
[A:༣༣༦]མཆོག་རྒྱལ་པོས་འདེབས་པར་མཛད་དོ། །དེ་ཡང་འཛམ་གླིང་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་ལུས་ཅན་བསོད་ནམས་གསོག་པའི་རྟེན་གྱི་གཙོ་བོ་ཇོ་ཞལ་རྣམ་པ་གཉིས་ཀྱི་ནུབ་ཕྱོགས། འཕགས་པའི་གནས་བརྟན་ཡན་ལག་འབྱུང་གི་བཞུགས་གནས་ཏི་སེ་གངས་ཀྱི་ཤར་ཕྱོགས། ཁ་བ་ཅན་གྱི་སའི་ཆ་འདི་ལ་དུམ་བུ་གསུམ་དུ་གནས་པའི་བར་གྱི་ཆ་རུ་བཞི་ལས། རུ་ལག་གི་སའི་ཆ་གཙང་སྟོད་གྲོམ་པ། ཡུལ་གྱི་ཁྱད་པར་དགེ་བརྒྱད་དམ་དགེ་བཅུ་ཚང་བ་སོགས་ཏེ། སྟག་ཚང་ལོ་ཙྪ་བས། དགེ་བརྒྱད་དགེ་བཅུ་སོགས་ཀྱི་བཤད་པའི་མཐར། ཀུན་ཚང་དཔལ་ལྡན་ས་སྐྱ་བཞིན། །ཞེས་གསུངས་པ་ལྟར། བླ་མ་མཉམ་མེད་པས། རྡོ་རྗེའི་རང་བཞིན་རྡོ་རྗེའི་གདན་ལས་བྱང་གི་འདབས་ཆགས་ས་ཡི་སྙིང་པོ་དཔག་ཚད་བཅུ་ཕྲག་བཅུ་བགྲོད་པ། །ཞེས་རྡོ་རྗེ་གདན་ལས་བྱང་ཕྱོགས་སུ་དཔག་ཚད་བརྒྱ་བགྲོད་པའི་གནས། ཡང་དེ་ཉིད་ཀྱི་གསུང་ལས། ཤར་རི་འགྲོ་ལྡན་སྤྱི་གཙུག་ལྟར་མཐོ་ལྷོ་ན་རྟ་མཆོག་རྒྱུག་ལྟའི་ཆུ། །ནུབ་རི་མཚན་མ་རྨ་བྱའི་མདོངས་ལྡན་བྱང་གི་ལྷུན་པོ་འདབ་བཟང་རི། །རི་དྭགས་རྒྱལ་པོ་བཞད་པའི་གདོང་ཅན་དབུས་ཀྱི་ས་འཛིན་དཔལ་ཀུན་འཛིན། །དེ་ཕྱིར་རྒྱལ་བའི་གདན་ས་མཆོག་འདི་བྱང་ཆུབ་སྙིང་པོ་མ་ལགས་གྲང༌། །ཞེས་གསུངས་པ་ལྟར། ཤར་རི་བྲག་ཆུང་གླང་པོ་ཆེའི་སྤྱི་གཙུག་ལྟར་མཐོ་བ། ལྷོར་གྲུམ་ཆུ་རྟ་མཆོག་རིན་པོ་ཆེ་ལྟར་རྒྱུག་པ། ནུབ་ཆུ་མིག་རྫིང་ཁ་རྨ་བྱའི་མདོངས་དང་ལྡན་པ། བྱང་དཔོན་པོ་རི་མཁའ་ལྡིང་གི་གཤོག་པ་ལྟར་རྒྱངས་པ། དབུས་ཀྱི་ས་དཀར་ལོགས་འདི་རི་དྭགས་ཀྱི་རྒྱལ་པོ་མངོན་པར་འགྱིང་བ་དང་འདྲ་བ། ཚ་ཟེར་དབང་པོ་འཆར་སྔ་ཞིང་ནུབ་བུལ་བ། ལྷོ་ཕྱོགས་ཀྱི་རི་རིན་པོ་ཆེའི་ཕུང་པོ་བརྡལ་བ་ལྟ་བུ། ཇོ་མོ་སྟག་འཚེར་གདུགས་ཀྱི་དབྱིབས་སུ་ཡོད་པ་སོགས་བཀྲ་ཤིས་རྟགས་བརྒྱད། གནམ་འཁོར་ལོ་རྩིབས་བརྒྱད། ས་པདྨ་འདབ་བརྒྱད་སོགས་