R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༦༣
[A:༦༦༣]འབྲས་སྐྱེད་ལའང་ཕེབས། དེ་ནས་རིན་སྤུངས་སུ་རྫོང་དཔོན་སོགས་ལ་ཚེ་དབང་ལྕགས་སྡོང་མ་དང༌། རྟ་མགྲིན་སྐྱེར་སྒང་རྗེས་གནང་དང༌། རོང་བྱམས་ཆེན་དུ་ལམ་འབྲས་མགོན་རྐྱང་དང་འབྱུང་འདུལ་གྱི་རྗེས་གནང༌། དེ་ནས་མཁར་ཚོར་བཞུགས། སང་ཉིན་ངུར་སྨྲིག་དང་ཉེ་བར་ས་ཆེན་དང་ཡུམ་གྱི་ཕྱག་རྗེས་ཕ་བོང་ལ་མཆིས་པར་ཁྲུས་གསོལ་རབ་གནས་དུས་རྗེ་ཉིད་ཀྱིས་ནམ་མཁར་གཟིགས་པས་བརྩེ་བ་ཆེན་པོ་མངོན་གསུམ་དུ་བྱོན་བྱུང་གསུངས། ངུར་སྨྲིག་གཡོན་འགྲམ་གྱི་ཕ་བོང་ལ་ས་ཆེན་གྱིས་སྐུ་འབྲུམ་བཞེས་དུས་བྱུང་བའི་སྐུ་རྗེས་ལའང་ཁྲུས་གསོལ་དང༌། རམ་པར་བཞུགས། སང་སྐུ་འབུམ་དུ་གསོལ་ཚ་དང་བསིལ་དུ་བཞུགས། དེ་ནས་དཔལ་དེ་དང་ཕན་ལ་རྩ། སང་ཉིན་སྔ་མོར་ཕེབས་ནས་གམ་པ་ལ་རྩེར་ལྷ་བསང་རྒྱས་པ་དང༌། བྱང་ཐང་དུ་བཞུགས། དེའི་སང་ཕེབས་གྲུ་འཐོན་སྟག་ཁུ་སྤེ་དང༌། དེ་ནས་སྤོས་ཏེ་སྐྱེད་ཚལ་དུ་ཞག་འགའ་བཞུགས་ཤིང་ཁྲོམ་དབང༌། གནས་བཅུའི་རྗེས་གནང་སོགས་ཆོས་བཀའ་དང་སྤྱི་སྒེར་རེ་སྐོང་མཐའ་ཡས་པ་ཞིག་སྩལ་ཞིང༌། དེར་རྗེ་ཉིད་ཀྱི་སྐུ་ལ་དྭངས་བསྐྱེད་བཞེས་པའི་འགོ་ཟུག་ཅིང༌། གཟིམ་ཆུང་དེར་བརྩོན་འགྲུས་མཐར་ཕྱིན་ཡང་རྩེ་ཞེས་པའི་སྒོ་ཡིག་ཀྱང་ཐུགས་དགེས་པའི་དབྱིངས་ནས་མཛད་པར་དཔགས་ན་བརྩོན་འགྲུས་ཀྱི་ཕར་ཕྱིན་གནས་དེར་རྫོགས་ཚུལ་བསྟན་པ་གདོན་མི་ཟའོ། །དེ་ནས་སྟག་ཁུར་ཁྲོམ་དབང༌། ཆུ་ཤུར་གསོལ་ཚེའི་ཐོག་ཐར་པ་གླིང་པ་སོགས་སྤྱི་སྒེར་མང་པོའི་རེ་སྐོང་དང༌། གསལ་བྱེད་རྡོར་གླིང་དུ་བཞུགས་ཐོག་སྣེ་ཤན་པ་དང་དཔལ་ལྡན་བཀྲ་ཤིས་གདང༌། གོང་ས་མཆོག་ནས་མཉེས་སྤྲོ་ལེ་ཚན་གསུམ། མཚམ་དར་ལེགས་པ་གསུམ། ཁྲི་ཆེན་བཀའ་ཤག་བཅས་ནས་ཀྱང་ལྷའི་རེག་བྱ་དཀོན་མཆོག་གི་གྲངས་ལྡན་རེ་བཅས་ཐོག་མར་དགེ་བའི་གཟིགས་བསྐྱངས་དང༌། དེ་ནས་ཤེལ་གྲོང་གསར་གླིང་ནས་གསོལ་སྟོན་དང་གནམ་དུ་གསོལ་ཚའི་ཐོག །ཡར་ཀླུངས་མཆོག་སྤྲུལ་རིན་པོ་