R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༦༧
[A:༦༦༧]གསུང་བསྐང་རྒྱས་པ་སོགས་བསྟན་འགྲོའི་མཛད་སྒོ་རྣམས་ཟིན་ནས་ཆིབས་བསྒྱུར་གྱི་ཉིན་བཅོ་བརྒྱད་དུ་གནང་སྦྱིན་བྱིན་རྟེན་སོགས་མང་པོ་དང་ཀྱེ་རྡོར་རྣམ་བཤད། རབ་བརྟན་མའི་ཞལ་འབག་ཞོ་ཕྱེ་ལས་སྦྲུས་པའི་གསོལ་བ་རྣམས་གནང་ནས་འདི་གསུམ་སྐུ་གསུང་ཐུགས་རྟེན་གྱིས་སླར་འདིར་ངེད་རང་ཐེངས་གཅིག་སླེབ་ཡོང་ངོ༌། །ཞེས་བཀའ་སྩལ་ནས་ཕེབས་ཏེ་ལྷུན་གྲུབ་རྫོང་མདུན་དུ་བཞུགས་ཤིང༌། རྫོང་རྩེར་རྒྱལ་ཁམས་བདེ་ཐབས་ལ་ཆེད་དུ་དགོངས་པའི་ལྷ་བསངས་བཅས་མཛད་ནས། ཤར་སུམ་མདོར་བཞུགས། ཆག་ལའི་རྩེར་ཡང་གོང་བཞིན་ལྷ་བསངས་ཐོག་རྗེ་ཉིད་ལ་གཟིགས་སྣང་ངོ་མཚར་ཅན་ཡང་འཁྲུངས། སྟག་ལུང་དུ་གྲུབ་རྒྱལ་ཚེ་དབང་ཞིག་སྩལ་ནས་གནས་གཟིགས་དང་ཕུན་མདོར་བཞུགས། སང་ཉིན་ཀོ་བར་འཐོན་བྱང་ར་སྒྲེང་དང་ཉེ་བར་གསང་ཡེའི་ཕོ་བྲང་དུ་ཐབ་བསུ་དང་བཅས། ར་སྒྲེང་དུ་ཕེབས་ཏེ་ཇོ་བོ་རྗེས་རྒྱ་གར་ནས་གདན་དྲངས་པའི་འཇམ་པའི་རྡོ་རྗེའི་སྐུ་དྲུང་དུ་དེའི་སྒྲུབ་མཆོད་རྒྱས་པ། གནས་ངོ་མཚར་ཅན་དེའི་ཤུག་ཁྲོད་ནས་ཕྱི་བསྐོར་ལ་མེ་ཆར་ཕབ་སྟེ་སྐྱེ་དགུ་དེ་དག་གི་གཙུག་ཏུ་ཕྱག་གསེར་གྱི་འཁོར་ལོ་ངལ་བསོས་ཏེ་བཞུགས་སྒར་དུ་ཕེབས། དེའི་སང་གསང་ཡེའི་ཕོ་བྲང་དུ་མཁའ་སྤྱོད་མའི་སྒྲུབ་མཆོད། ར་སྒྲེང་གི་གནས་ཚང་ཡིན་ཁུལ་བཅོམ་མདའ་དང༌། ཀོ་བར་འཐོན་ཨ་དཀར་སུམ་མདོ་དང༌། འབར་ཚག །ཉི་མ་ཚལ། ཀི་ར་ཐང་རྣམས་སུ་བཞུགས་ཞག་རེ་དང༌། གཏེར་སྒྲོམ་ཆུ་ཚན་ཞག་ལྔ་ཆབ་བདུགས་བཅས་ཕེབས་འཕྲལ་རྣམ་འཇོམས་དང༌། ཉིན་ལྟར་ལྷ་བསངས་རྒྱས་པ། ཆབ་ཀླུ། ཚེ་ཆོག་རྣམས་དང༌། སྣྲོན་ཟླའི་ཚེས་གཅིག་ལ་ལྷ་མོ་གསོལ་མཆོད་ཀྱི་གསུང་བསྐང་ཡང་དེར་མཛད་ནས། ཕེབས་ལམ་འབྲི་གུང་མཐིལ་གནས་གཟིགས་དང་གྲོག་སྣ་ཟངས་ཁར་བཞུགས། དེ་ནས་འབྲི་གུང་སྤྲོ་ཁང་ཡང་རི་སྒར་དུ་བཞུགས། དེ་ནས་ཀློང་ཆེན་རབ་འབྱམས་པའི་གདན་ས་ཞྭ་ལྷ་ཁང་དུ་གཟའ་དང་དམ་ཅན་པར་གཏོར་བསྔོ་བཅས་མཛད་