R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༦༩
[A:༦༦༩]ནས་མཇལ་ཕྱག །འཆམས་གཟིགས། ལྗགས་ལུང༌། ཆོས་སྐྱོང་སྐུ་ཕེབས། བཀའ་རྩོམ་དང་གསུང་བརྟག །བསམ་ཡས་དང་འཆིམས་ཕུའི་གནས་གཟིགས་མཐའ་དག །རབ་ཏུ་གནས་པའི་མེ་ཏོག་འབུལ་བ། དེ་དག་གི་སྔ་ཕྱི་བར་གསུམ་དུ་ཞལ་བཀོད་ཆེ་ཕྲ་རྣམས་དང༌། སྲོད་དང་ཐོ་རེངས་མཚན་གུང་སོགས་སུ་ཕུར་དབང་ཆ་དྲུག །བདེ་མཆོག་ལཱུ་ནག་གི་དབང་ཆ་དྲུག་རེ། གྲྭ་སུམ་བརྒྱ་སྐོར་ལ་རྟ་མགྲིན་ཡང་གསང་གི་དབང༌། རྗེས་གནང་སོགས་ནི་བགྲང་བ་ལས་འདས་ཤིང༌། མཆིམས་ཕུུ་གནས་གཟིགས་སྐབས་རྗེ་ཉིད་ལ་ཀླུ་འདུལ་ཕུག་ཏུ་འཚོ་རྒྱལ་གྱི་ཞལ་གཟིགས་ཏེ་ལུང་བསྟན་ཞིག་བྱུང་གསུང་བ་ལས། འདི་བྱུང་བཀའ་མ་གྲོལ། ལྕོག་ཏུ་ཕྱི་ནང་གསང་བའི་རྟེན་འཛུགས་ཀྱི་ཚེ་རྗེ་ཉིད་ཀྱི་འོད་གསལ་དུ། ཆོས་སྐྱོང་ཆེན་པོ་བྱོན་ནས་ཡོན་ཏན་གྱི་རྟེན་དེ་ལ་ལྷག་པར་དགྱེས་ཉམས་ཀྱིས་འདི་ཕྱེ་མར་གྱིས་བཀང་དགོས་གསུང་བ་བཞིན་དང་སྡིག་ཁྲབ་ལ་བཟོ་སྐྱོང་ཡང་མཛད་པ་སོགས་གནས་དེར་བསྟན་འགྲོའི་ལེགས་སྤེལ་རྣམས་རིམ་གྲུབ་ཀྱིས། བྲག་ཁ་རྫོང་མདུན་བཞུགས་སྒར་དུ་བཅོ་བརྒྱད་སྐུ་མཆེད། བསམ་ཡས་མཁན་པོ་སོགས་ལ་ལམ་དབང༌། ལམ་ཟབ་ཕྱི་ནང༌། བིར་བསྲུང་ཕྱི་ནང་སོགས་དང༌། འོན་ཁྲི་སྨོན་མགོན་ཁང་དུ་གསུང་བསྐང་དང་རབ་གནས། དེ་ནས་རྒྱལ་སྲས་རིན་པོ་ཆེས་ཆིབས་བསུས་འོན་ཆོས་སྡིངས་སུ་ཞག་བཞི་བཞུགས། རྒྱལ་སྲས་སོགས་ལ་རྣལ་འབྱོར་མའི་བྱིན་རླབས་དང༌། སྐུ་རྐྱང་ལ་རིག་བྱེད་མ་ངོར་ལུགས་ཐུན་མོང་མ་ཡིན་པའི་རྗེས་གནང༌། ཞལ་བསྙེན་དུས་བཅས་དང༌། ཚུར་ཡང་འཇམ་དབྱངས་ཆོས་སྐོར་གྱི་བྱིན་རླབས་དང༌། ལས་གཤིན་ཕྱི་ནང་གསང་གསུམ་ཞུ་བར་མཛད། གནས་དེར་རབ་གནས་རྒྱས་པའི་ཐོག་ཕྱི་བསྐོར་ལ་ཕྱག་ནས། རྨོར་ཆེན་རིན་པོ་ཆེའི་བཞུགས་གནས་རྒོད་ཚང་དུ་གསུང་བསྐང་བླ་མཆོད། ལྷ་བསངས། སྨེ་བརྩེགས་དང་དེའི་གྲིབ་གླུད། ཤ་བརྒྱ་ཟན་བརྒྱ། བརྒྱ་བཞི་རྣམས་བོད་ཁམས་