R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༣༧
[A:༣༣༧]དགེ་མཚན་ཐམས་ཅད་དང་ལྡན་པའི་གནས་སོ། །དེ་དག་གི་དོན་བསྡུ་ན། དབང་ཕྱོགས་ས་འཛིན་ལག་ལྡན་མྱོས་བུམ་རྩེར། །འགྲོ་འདྲེན་དཔའ་བོ་མི་བསྐྱོད་རྡོ་རྗེའི་ཞབས། །ལྷོ་ཕྱོགས་བཟང་པོའི་རྟ་མཆོག་ཁ་འབབ་རྒྱུན། །རིན་ཆེན་འབྱུང་ལྡན་ཕྲིན་ལས་དཔལ་དུ་ཆེ། །ཡིད་འཕྲོག་ཆུ་ལྷའི་ཕང་པར་འཇུག་སྒྲ་ཅན། །ནེའུ་གསེང་གཡུ་ངོགས་བཀྲ་ཤིས་ཀེ་སྒྲས་འཕྱོ། །འོད་མཚན་འགྲོ་བ་དཔག་མེད་འདྲེན་པའི་མགོན། །མ་ཆགས་པདྨར་ངལ་འཚོ་གནོད་སྦྱིན་ཕྱོགས། །མཁའ་འགྲོའི་དབང་ཕྱུག་ལུས་སྐྱེས་རྫོགས་པའི་ཁྲོད། །ས་སྐྱོབ་སྤོ་ལ་དོན་ཡོད་གྲུབ་པའི་སྐུ། །འཇིགས་མེད་རི་དྭགས་དབང་པོ་འགྱིང་བའི་ས། །དཔལ་ལྡན་རྡོ་རྗེ་འཆང་གི་བསྟི་གནས་ལགས། །ཞེས་ཀྱང་སྨྲས་སོ།། །། ༈ གཉིས་པ་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་དང་ལྡན་པའི་གདུང་རབས་བྱོན་ཚུལ་བཤད་པ་ནི། ཁྲི་བརྒྱད་སྟོང་པ་ལས། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཆེན་པོ་དག་ཏུ་སྐྱེ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོ་རིགས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་དག་དང༌། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་དག་ཏུ་སྐྱེ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོ་རིགས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པ་གང་ཞེ་ན། རིགས་གང་ལས་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱུང་བར་གྱུར་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པ་ཡིན་ནོ།