R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༧༨
[A:༦༧༨]འཕྲོག་ངག་དབང་ཀུན་དགའ་རིན་ཆེན། དེ་ཉིད་སླར་ཡང་རང་རིགས་ལས་གྲུབ་པའི་བརྟུལ་ཞུགས་འཆང་ཞིང༌། མངའ་རིས་གཙང་དབུས་ཁམས་སོག་མོན་འབྲོག་ཀུན་ལ་ཐུགས་རྗེ་ཆེ་ཞིང༌། ལྷག་པར་ཡར་རྒྱབ་དཔོན་སའི་གཞིས་ཀ་དཔལ་འབྱོར་རབ་བརྟན་ཆར་གཏོགས་བཅས་གདུལ་ཞིང་དུ་གཟིགས་ནས་ཕྱོགས་དེར་གདན་ཕབ་སྟེ་བསྟན་འགྲོའི་དོན་ཆེན་དུ་མས་རྗེས་སུ་བཟུང་མཐར། གཟུགས་སྐུ་འོད་གསལ་ཆོས་དབྱིངས་སུ་བསྡུ་བར་མཛད་པའི་རྣམ་ཐར་ཡང་གདན་ས་དེར་མཛད་པ་དཔལ་ས་སྐྱ་པ་ཆེན་པོ་སྒར་ཆེན་མཐུ་སྟོབས་དབང་ཕྱུག་རྣམས་ཀྱི་སྣང་བརྙན་བྱིན་རླབས་ཀྱི་གཟི་འོད་འབར་བ་གསར་བསྐྲུན་མཆོད་ཚོགས་དང་བཅས་ཏེ། ས་ཕྱོགས་དེའི་བདེ་སྐྱིད་ལ་ཆེད་དུ་དགོངས་པའི་ཐུགས་བསྐྱེད་དང་ཆབས་གཅིག་ཟངས་རི་གུང་བཀྲ་ཤིས་རྣམ་རྒྱལ་ལ་ཕེབས་སྐབས་བསུ་བ་སོགས་ལེགས་ལམ་གྱི་བཀའ་འདོམས་དང་བཅས་དཔལ་རབ་ཏུ་སྩལ། རྟ་ཟླའི་ཚེས་གཅིག་ལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་ལྷ་ལྕོག་ཏུ་རྗེ་ཉིད་ཀྱིས་གསར་བསྐྲུན་གནོད་སྦྱིན་ཙིའུ་དམར་པོའི་སྤུ་གསོབ་ལ་ཞུགས་རང་བཞེས་དང༌། དབོ་ཟླའི་མཇུག་ཉི་མ་རྒས་ཉེ་ཞིག་ལའང་གང་ནས་འོངས་ཆ་མེད་པའི་མེ་ཕུང་སྐད་ཆེན་ཞིག་འཐོན་ནུབ་དང་བྱང་ཕྱོགས་སུ་སོང་བའི་སྦིར་གཏམ་མང་དུ་གླེང་བ་སོགས་བྱུང་ཞིང༌། དེའི་ཉི་ཤུར་ལྷ་རྫོང་དགོན་གསར་ལུ་སྤེ་ནོར་བུ་ཆོས་ལུང་ཞེས། སྔོན་གཡག་མི་ཕམ་ཆོས་ཀྱི་བླ་མའི་དགོན་གནས་གོག་པོ་ཞིག་ལ་ལྷས་རྫོང་པས་ཉམས་གསོ་ཆོས་སྡེ་བཅས་བཙུགས་ཤིང༌། འབྲུའི་སྔགས་འཆང་བསོད་ནམས་ཆོས་འཕེལ་གདན་འདྲེན་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡང་ཡང་ཞབས་ཀྱིས་བཅགས་པ་སོགས་ཀྱི་གནས་དེ་ཉིད་ན་གྲྭ་རྒྱུན་དང༌། གྲྭ་སྡོད་འོས་གཞན་མ་མཆིས་པས། དེ་ཉིད་ཀྱིས་སྔར་རྒྱུན་བཞིན་དགོན་པར་འཁྲ་བཟུང་བགྱིས་པ་ལེགས་སམ། ད་ཙམ་དགོན་པ་བསྡུས་ཤིང་རྟེན་མཆོད་རྣམས་ས་སྐྱར་དྲངས་ཏེ་སྦྱོར་འཇགས་དང༌། དགེ་རྒྱུན་རྣམས་མོ་དགོན་རིན་ཆེན་སྒར་དུ་སྦྱར་ན་ཇི་ལྟར་ལེགས།