R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༨༤
[A:༦༨༤]མཆོག་སྒྲུབ་དཀྱིལ་མཚམས་སྦྱོར། བྲག་རྫོང་མ། མགོན་པོའི་ཆར་འབེབས། སཱ་ཏུའི་འཕོ་བ། རྣམ་བིར་སྦྱིན་སྲེག །ཕུར་ཆུང༌། བྲུལ་གཏོར། དམར་འཁྲིད་རྒྱས་བསྡུས། སྨྱུང་གནས་ལེ་ཚན། བདེ་མཆོག་ཆོས་འབྱུང༌། ལུ་ནག་དྲིལ་གསུམ་བསྐྱེད་རིམ་རྣམ་བཤད་དང༌། དེ་གསུམ་འཁྲིད་ཀྱི་ཁོག་ཕུབ། བསྐྱེད་རིམ་རྣམ་བཤད་འབྲིང་པོ། །བསྙེན་ཐབས་རྒྱས་འབྲིང་བསྡུས་གསུམ། ཐོ་བསྐྱེད་ཆོག །ཕུར་པའི་སྦྱིན་སྲེག །ཆོས་སྲུང་གི་བསྐང་བའི་ལྗགས་ལུང་སོགས་ནར་མར་བཀའ་དྲིན་ཆེ་མུའི། སྨིན་ཟླའི་འགོར་བྱང་པ་སྡེ་ཚོགས་ལ་གསུང་བསྐང་ཉིན་གང་མ་སྤྱིར་དུས་བདེ་ཞོད་འཇགས་འབྱུང་བ་དང༌། ཁྱད་པར་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་ཆོས་བཀའ་རྒྱ་ཆེར་སྩལ་འབྲས་བཞིན། གང་གི་རིགས་སྲས་རྒྱལ་ཚབ་དམ་པ་མཆོག་དང༌། གཞན་ཡང་བསྟན་འཛིན་ཁ་ཤས་གཞི་བསྙེན་ལ་བཞུགས་སྟན་འཇགས་རྒྱུའི་རིམ་གྲོར་ཆེད་དགོངས་ཀྱིས་སྩལ་ནས། མ་འགྱངས་པར་ཁའུ་སྨན་ཆབ་མཛད་དེ། འཇམ་མགོན་དབང་སྡུད་སྙིང་པོ་ཉིད་ནས་འཁོར་ལོ་བདེ་མཆོག་དང་ཡར་ཀླུངས་མཆོག་སྤྲུལ། རྩེ་གདོང་སྤྲུལ་སྐུ་སོགས་ཀྱེ་རྡོ་རྗེའི་གཞི་བསྙེན་ལ་བཞུགས་དགོས་པའི་བཀའི་གནང་བ་སྩལ་ནས། རྗེ་ཉིད་ཆོས་འཆད་སོགས་འཆར་འཕར་གྱི་བསྟན་འགྲོའི་བགྱི་བར་ཐུགས་གཞོལ་བའི་སྐབས་སོ། །དེ་དག་གི་དོན་བསྡུ་ན། དཔལ་འབྱོར་རབ་བརྟན་བརྗོད་དོན་ལྡན་པར་སྦྱར། །ཟན་ཡངས་ལྕོག་ཏུ་བཟང་ངན་མཚན་མ་ཤར། །འགྲོ་དོན་རྫོགས་པའི་དགོན་གནས་རྟེན་སྤྱན་དྲངས། ཕ་དྲུག་ཌ་ཌིར་ས་གནད་མེ་བཙའ་བྱིན། །ཟབ་རྒྱས་ཆོས་ཀྱི་སྐྱ་རེངས་ཀྱིས་བསུས་པའི། །ཡོངས་རྫོགས་གསུང་ངག་སློབ་བཤད་ཉིན་མོའི་མགོན། །སྐལ་ལྡན་གདུལ་བྱའི་བློ་གྲོས་འདབ་བརྒྱ་པ། །ཉེར་གྲོལ་བསྟན་འཛིན་སྦྲང་རྩིའི་དཔྱིད་དུ་སྨིན། །ཕྱག་ན་པདྨས་མི་མངོན་གཟིགས་པའི་མཆིད། །ངོ་མཚར་རྟེན་འབྲེལ་བུང་བའི་རྒྱང་གླུ་ཡིས། །བསྐུལ་བའི་བཞེད་སྐོང་ལྷུན་གྲུབ་འཇུག་སྒོ་བརྒྱ། །བསྟན་འཛིན་འབྲས་བུའི་གཡུར་ཟ་ལྡེམ་དང་འགྲོགས། །