R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༩༩
[A:༦༩༩]པར་མཛད་དེ་གཞི་ཐོག་ཕོ་བྲང་དུ་ཕྱགས་ལེགས་པར་ཕེབས་ནས། སྐུ་ངོ་ཚང་མ་ཞལ་རྒྱས་ཐོག་གང་ཅིའི་ཕྱི་ནང་གསང་བ་དུས་གསུམ་གྱི་གནས་ཚུལ་དང་བཅས་ཇི་བཞིན་གསུང་བ་དང༌། ཕྱག་གཉེར་གསོལ་གཟིམ་མཆོད་སོགས་གཞན་མ་རྣམས་ལའང་གནང་ཆ་གྱ་ནོམ་པ་དང་བཅས་སོ་སོར་སྔ་ཕྱི་བར་གྱི་གསུང་གླེང་ཇི་བཞིན་མཛད་དེ། དུས་གཏོར་སོགས་ལ་ཐུགས་གཞོལ་བའི་སྐབས་སོ། །སྨྲས་པ། སྐྱབས་ཀུན་འདུས་པའི་ནོར་བུའི་ཟ་མ་ཏོག །ཕྱི་རོལ་འདོད་འཇོའི་དཔལ་དུ་ཤོར་དོགས་ཀྱང༌། །མི་དམན་བསོད་ནམས་ལྡན་པའི་དེད་དཔོན་གྱི། །ལག་ཏུ་སོན་པས་ཅུང་ཟད་ཡིད་དབང་བདེ། །འོན་ཀྱང་སྙིགས་དུས་སེམས་ཅན་དབུལ་པོའི་ལག །ཇི་ལྟར་བརྐྱངས་ཀྱང་བསམ་འཕེལ་མི་འབྱུང་དང༌། །བྱུང་ཡང་ཡུན་དུ་མི་གནས་གནའ་བོའི་གཏམ། །བདེན་པར་ཉེ་བའི་དུས་ཤིག་ཤར་མིན་ནམ། །ཇི་བཞིན་དཔྱད་ཚེ་སྣང་ཚུལ་ཐམས་ཅད་ཀྱང༌། །གཞན་དོན་ཉེ་བའི་གོང་མའི་རྣམ་ཐར་དང༌། །མཐུན་པས་ཐབས་བརྒྱའི་འཕྲུལ་ལ་ཀུན་གུས་ཀྱང༌། །ངན་སྤྱོད་ཁྲེལ་བས་དགོངས་པ་མངོན་དུ་ཕྱོགས། །ཞེས་ཀྱང་སྨྲས་སོ།། །། ༈ རྩ་བའི་ས་བཅད་ལྔ་པ་ཞིང་འདིའི་གདུལ་བྱ་རེ་ཞིག་རྫོགས་ནས་མཐར་སྐུ་ཞི་བ་མཆོག་གི་དབྱིངས་སུ་ཐིམ་སྟེ་དགོངས་པ་ཟབ་མོ་རྫོགས་ཐབས་རྣམས་མཛད་ཚུལ་ནི། དེ་ནས་སྣྲོན་ཟླ་ཕྱི་མའི་ཚེས་གཅིག་གི་བར་དུ་ཐུགས་དམ་ཉམས་བཞེས་རྣམས་ཆག་མེད་དང་སྤྱི་སྒོས་ནས་ཞབས་པད་ཡུན་བརྟན་གྱི་གསོལ་འདེབས། གསུང་བྲིས། ཞལ་བཀོད་སོགས་ཀྱི་སྐབས་སུའང་གདུལ་བྱའི་བློ་སྣ་འཁྲིད་པའི་ཕྱིར་དུ་རྗེ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་སྐུ་ལ་སྐྱོན་མི་ཡོང་བའི་གསུང་འབའ་ཞིག་སྔ་ཕྱི་ཀུན་ཏུ་བྱོན་པ་དང༌། ཁྱད་པར་གཟིམ་ཆུང་སྐོར་གྱི་རྟེན་རྣམས་སྐུ་མདུན་དུ་སྤྱན་དྲངས། རེ་རེ་ནས་ཕྱག་བཞེས་ཀྱི་སྔོན་བྱོན་དང་རྗེ་ཉིད་ཀྱི་ཕྱག་བབས་རྣམས་སོ་སོར་ངོ་སྦྲོད་དང༌། བླ་མ་གོང་མའི་རྟེན་སྒམ་རྣམས་ཀྱང་ཞལ་ཕྱེ་ནས་སོ་སོར་འདི་དང་འདི་ཞེས་བྱ་བའི་ངོ་སྤྲོད་སོགས་མཛད་མུའི་སྲོད་ཐོ་རེངས་ཀྱི་ཆ་འགའ་