R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༧༠༠
[A:༧༠༠]ཞིག་གསུང་དར་དིར་གྱི་ངང་དུ། ས་སྐྱར་ཕེབས་དུས་ན་བཟའ་གཟབས་མ་དང་བཅས་ཕེབས་དགོས་གསུང་བ་དང༌། ངེད་ཀྱིས་ས་ཞུ་ཁ་གསར་སུམ་བརྩེགས་སུ་བཞེས་ཡོད་གསུང་བ་དང༌། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ཞེས་ཡང་ཡང་གསུང་བ་དང༌། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་བྱོན་ནས་དབང་བསྐུར་མཛད་ཀྱིན་འདུག་གསུང་མུར་ཐུགས་ཟག་མེད་ཀྱི་བདེ་བར་འབྱམས་པ་སོགས་ནི་དངོས་སུ་མཐོང་ཐོས་སུ་གྱུར་ལགས། ཚེས་གཅིག་གི་ཉིན་རྗེ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་དབུ་བླ་རྣམས་ལ་མཆོད་བཤམས་རྒྱས་པ་དང༌། དབུ་སྔས་ཀྱི་གསོལ་ལྕོག་སྟེང་དུ་ཡབ་རྗེ་རྡོ་རྗེ་འཆང་བསོད་ནམས་རིན་ཆེན་གྱི་བྱིན་རྟེན་འགའ་ཞིག་དང༌། ཁྱད་འཕགས་ནས་མ་སྐྱེས་དགྲའི་གདུང་སྐལ་སངས་རྒྱས་ཀྱི་འཕེལ་གདུང་སོགས་སྤྱན་འདྲེན་མཛད། ཚེས་གཉིས་ཀྱི་ཐོ་རེངས་ཀྱི་ཆར་སྔར་མུ་བཞིན་བཞེས་ཐུག་ཞུས་པ་ཡང་གསོལ་བར་མ་གནང་ནས། འོ་ད་ཐུགས་དམ་ལམ་དུས་ཀྱི་ཉམས་བཞེས་ལ་འཇུག་གོ་གསུངས་ནས། ལམ་དུས་རྒྱས་པ་གནང་སྟེ་མི་བསྐྱོད་པ་ཆུ་དབང་གི་སྙིང་ག་ཡན་ཆད་གང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཅེས་ཡང་ཡང་བསྐྱར་ཟློས་ཀྱི་ཚུལ་དུ་ཐུགས་བདེ་ཉམས་དང་བཅས་གསུང་མུར། རྒྱུན་རིང་འདས་རྗེས་རྗེ་བཙུན་གོང་མའི་བྱིན་ཕྱེ་དང༌། སངས་རྒྱས་ཀྱི་འཕེལ་གདུང་སོགས་བཞེས་ཏེ། རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བ་དང༌། ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ་བསྐུལ་བའི་ཕྱིར་ཉི་དྲོས་ཀྱི་དུས་སུ་གཟུགས་སྐུ་འོད་གསལ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་པར་གྱུར་ཏོ། །སྨྲས་པ། ཀྱེ་མ་སྐྱབས་གཅིག་དྲིན་ཆེན་རྡོ་རྗེ་འཆང༌། །བདེ་ནས་བདེ་བ་མཁའ་འགྲོའི་དར་ལམ་ལ། །གཤེགས་པའི་ཚུལ་འདི་དངོས་སམ་རྨི་ལམ་ཅི། །དངོས་སུ་གྱུར་ན་གདུལ་བྱའི་ལྷག་མ་ཀུན། །བྱེ་ཕྲུག་ཐང་ལ་འཁྱམས་པའི་རྣམ་ཐར་ཤར། །རྨི་ལམ་ཡིན་ན་ཆོས་ཀུན་དེ་ལྟར་དུ། །སྣང་སྟོང་མ་ཞེན་མ་འགགས་མགོན་ཁྱོད་ཀྱི། །གསུང་གིས་གདམས་པའི་ངེས་ཤེས་ད་ནི་གོ །གྲངས་མེད་བསྐལ་པའི་སྔོན་དུ་བྱང་ཆེན་གྱི། །ས་ལ་འཛེགས་ཀྱང་