R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༠༤
[A:༣༠༤]པོས་སྨྲ་ལྕེ་འཁྲོལ། །རབ་ཏུ་ཞི་བ་མཆོག་གི་ཐད་དུ་བདེ་བླག་འཁྲིད་པའི་ས་མཁན་དེད་དཔོན་སྙིང་སྟོབས་རྩལ་གྱིས་ཕྱུག་པ་པོ། །ཆགས་བྲལ་བགྲོད་བྱར་ཐབས་མཁས་འཕྲུལ་གྱིས་རེ་འདོད་བློ་ཡི་བསམ་པ་འགེངས་ལ་གདུང་བ་འགོག་པའི་དམ་བཅའ་བཙན། །མི་ཡི་སེང་གེ་དུས་གསུམ་བཀྲ་བའི་ལོངས་སྤྱོད་འཁོར་ལོའི་གསང་བ་རྨད་བྱུང་ཚིག་གི་རེ་འཁར་འགྱིང་བའི་གཟུགས། །ཁྱད་པར་བཞི་ལྡན་སྐྱབས་མཆོག་དམ་ཆོས་ཙིནྟཱ་མ་ཎིར་ཞིང་གི་རྡུལ་སྙེད་སྒོ་གསུམ་འཇུག་པ་གཅིག་ཏུ་བྲེལ། །རང་བློའི་བུམ་པར་དཔྱད་གསུམ་རྣམ་དག་ནོར་གྱི་སྙིང་པོ་བསླབ་གསུམ་དག་བྱེད་ཡོན་ཏན་བརྒྱད་ཀྱི་མཛོད་བཟུང་བས། །བསོད་ནམས་ཡེ་ཤེས་ཕུང་པོར་བྱེད་པའི་ཞིང་གི་མཆོག་ཏུ་ཐུབ་གསུང་ཚད་མའི་མེ་ཏོག་གིས་བསྔགས་འཕགས་པའི་མཆོག །མི་དགེའི་གྲོགས་ངན་རིང་དུ་ཕྱུང་ནས་རྣམ་དཔྱོད་ཁྲིམས་ཀྱི་རྩེ་དགའི་རོ་ལ་རྟག་ཆགས་འདུན་པ་མི་བསྐྱུད་པ། སྒམ་ཞིང་དུལ་བའི་ངང་ཚུལ་བཟང་པོ་འདྲེན་བྱེད་ཡུལ་དུ་ཤར་མ་ཐག་ནས་དད་པའི་སྤུ་ལོང་ཅིས་མི་གཡོ། །རྒྱལ་ཀུན་གསང་གསུམ་གདུག་ཅན་གཡར་ལམ་འཇིགས་རུངས་སྤྲིན་ནག་གཟུགས་དང་འགྲོགས་པ་མི་བཟད་ཁྲོ་ཁྲོས་རྔམས་པའི་སྐུ། །རབ་འབར་མེ་ལྕེའི་ཕྲེང་བས་ཉེར་དཀྲེགས་ཧཱུཾ་ཕཊ་འབྲུག་སྟོང་སྒྲོགས་པའི་མོད་དུ་ཞིང་བཅུའི་དགྲ་བོ་འཇོམས་པའི་ཐོག །དྲག་རྩལ་གཏུམ་པོས་ཕྱེ་མར་བཏགས་ནས་བསྟན་དང་དེ་འཛིན་ལེགས་པར་བསྐྱང་ཞེས་རྡོ་རྗེ་འཛིན་གྱི་མངག་གཞུག་ཏུ། །མདོངས་གསོལ་ཕུལ་ནས་ཞལ་བཞེས་ཇི་བཞིན་མཛོད་ཅེས་འདི་ན་འབོད་པའི་གཏམ་གསོན་མཐུ་ལྡན་བསྟན་སྲུང་དྲེགས་བྱེད་ཀྱེ། །རབ་དམར་དབང་གི་འཆིང་ཞགས་རེས་ཀྱང་སྲིད་ཞིའི་བརྟན་གཡོ་འགུགས་པའི་དངོས་གྲུབ་སྒྲུབ་པོ་ཤ་བ་རིའི་ལག་རྩེར། །སྦྱོར་བའི་བྱེད་པོ་རིག་བྱེད་ལུས་ཕྲ་མངོན་འདོད་རྒྱལ་པོ་མཆེ་བ་གཅིག་པས་དངོས་བརྒྱུད་དཔལ་ལྡན་བླ་མའི་བཀས། །ཅི་མངགས་འབྲས་བུ་གཡུར་ཟ་ལྡེམ་དང་ལྷན་གཅིག་མི་ཟད་ནམ་མཁའ་