R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༧༠༤
[A:༧༠༤]མཁྱེན་གཟིགས་རིན་པོ་ཆེར་དྲུག །ཕྱག་མཛོད་དུ་བཞི་སོགས་གཤེགས་རྫོང་ཆེ་ཕྲའང་མང་དུ་སྟོབ་པར་གནང༌། དེ་རྣམས་ཀྱིས་གཙོས་གཞིས་ཕྱེས་མཐའ་དག་ནས་དངོས་པོ་བཟང་དགུ་མཐའ་ཡས་པའི་གདུང་འབུལ་ཀྱང་ཕུལ། གདུང་རུས་རྣམས་གཟིམ་ཆུང་དུ་སྤྱན་དྲངས་ཏེ་རྒྱུན་རིང་བར་འཇམ་མགོན་ཞལ་རྣམ་གཉིས་རྗེ་བཙུན་དྲུང་སོགས་ནས་གསོལ་འདེབས་བླ་མཆོད་སོགས་མཛད། དེ་ནས་གདུང་རུས་རྣམས་ལས་རང་བྱོན་སོགས་ཡོད་པ་འགའ་ཞིག་མ་གཏོགས་ཚང་མ་བཏུལ་ནས་སཱཙྪ་འབུམ་བརྒལ་ཙམ་དང༌། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་ནོར་ལྷ་དང་བཅས་པའི་སྐུ་པར་གྲངས་མང་འདེབས་པར་མཛད་སྐབས། དངུལ་སྲང་ཆིག་སྟོང་ཆིག་བརྒྱ་རེ་བདུན་ཞོ་དྲུག །གསེར་སྲང་བརྒྱད་ཅུ་གྱ་བརྒྱད་དང་ཞོ་ཕྱེད་བརྒྱད་སོགས་ལས་གྲུབ་པའི་དངུལ་གདུང་རིན་པོ་ཆེ་ཕྲ་རྒྱན་གྱིས་སྤྲས་པ་དང༌། འདྲ་སྐུ་རིན་པོ་ཆེ་གསར་བསྐྲུན་རིང་བསྲེལ་རྣམ་བཞི་སྤྱི་དང་བྱེ་བྲག་དེ་དུས་ཀྱི་ཐོ་གསལ་བཞིན་གྱི་ས་ཕྱུར་ཏེ། འཇམ་མགོན་གོང་མ་ཞལ་རྣམ་པ་གཉིས་ཀྱི་དབུས། མཁན་རིན་པོ་ཆེ་སོགས་བན་ཚང་འདུས་ཚོགས་བཅས་ནས་རབ་ཏུ་གནས་པའི་མེ་ཏོག་གིས་བྱིན་རླབས་ཀྱི་གཟི་བརྒྱ་འབར་བར་མཛད། དེ་ནས་ཐང་སྟོན། འཇིགས་བྱེད་བཅུ་གསུམ་མའི་སྒྲུབ་མཆོད་དང་རབ་དབྱེ་ཁ་སྐོང་རྣམ་འགྲེལ་གཞུང་སྦྱོང་སེར་འདུ་བཅས་དུས་དྲན་ཐོག་རྒྱུན་འཛུགས། རྗེ་རྡོ་རྗེ་འཆང་དེ་ཉིད་ཀྱི་དགོངས་བཞེད་བཞིན་ལྷ་ཆེན་སྤྲུལ་པའི་ཁྱམས་སྟོང་དུ་རྒྱལ་བ་ཚེ་མཐའ་ཡས་པའི་སྣང་བརྙན་དངུལ་རྡོ་ཚད་བརྒྱ་རྩར་ཉེ་བ་ལས་གྲུབ་པ་ངོ་མཚར་ཅན་འདི་ཉིད་ཀྱི་གཟུངས་ཕྲ་རྒྱན་སོགས་དེ་དུས་ཀྱི་ཟིན་བྲིས་བཞིན་དང་བཅས། རབ་ཏུ་གནས་པའི་མེ་ཆར་གྱིས་བྱིན་མཐུ་ཅན་དུ་གྲུབ་པ་སོགས་འདི་རྣམས་གཙོ་བོར་སྨོས། དགོངས་པ་ཟབ་མོ་ཆོས་དབྱིངས་དེ་བཞིན་ཉིད་དུ་རྫོགས་པའི་ཐབས་མཐའ་ཡས་པ་ཞིག །འཇམ་མགོན་གོང་མ་ཞལ་རྣམ་པ་གཉིས་ཕྲིན་ལས་ཀྱི་ཁ་ལོ་སྒྱུར་བ་པོ་བཅས་ནས་ཡང་དག་པར་འབད་མེད་ལྷུན་གྱིས་གྲུབ་པའི་དགེ་མཚན་ཅན་དུ་