R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༧༠༥
[A:༧༠༥]འདོམས་པར་མཛད་པ་བཞིན། རྒྱལ་བསྟན་རིན་པོ་ཆེ་སྤྱི་དང༌། བྱེ་བྲག་བརྩེ་ཆེན་སྙིང་པོའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཡར་ཟླ་ལྟར་འཕེལ་ཞིང༌། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བདེ་ལྡན་མགོན་པོའི་རང་བཞིན་དུ་གྲུབ་སྟེ་འགྲོ་རྣམས་བདེ་སྐྱིད་རྫོགས་ལྡན་གཞོན་ནུའི་དགའ་སྟོན་ལ་ལོངས་སྤྱོད་པར་འགྱུར་རོ། །དེ་དག་གིས་ནི་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག །སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་འཇམ་མགོན་མཁས་གྲུབ་དབང་པོ། །དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཐུན་མོང་བ་ཕྱིའི་རྟོགས་པ་བརྗོད་པ་སྒྲོ་སྐུར་ཀུན་བྲལ་དྲང་གཏམ་ལས་འབྲས་ཁུངས་ཐུབ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས་ཞེས་བྱ་བ་བློ་ཆུང་བདག་གིས་གང་ཟིན་ཕུལ་ཟིན་ཏོ། །ཡང་སྨྲས་པ། ཀྭ་ཡེ་མིག་སྟོང་ལྡན་པ་ཉེ་དབང་གཙུག་གིས་འདུད་ཅིང་བསྙེན་ན་མགོན་ཁྱོད་ཞབས་པད་སྤྱི་བོར་མི་མཆོད་ཅི། །ཚངས་སྲས་དགྱེས་པའི་གསུང་རོལ་འཁྲོལ་ཏེ་ཏམྦུའི་རྒྱུད་དུ་ཆོས་ཀུན་འཇོ་ན་བསྟོད་བསྔགས་མེ་ཏོག་ཅིས་མི་འཐོར། །རང་བྱུང་འོད་ཀྱི་མཛེས་མ་ལ་ཆགས་གདོང་བཞི་སྤྲུལ་ན་དྲིན་ཅན་བླ་མའི་ཞལ་དཀྱིལ་མཇལ་བའང་བསྐལ་བཟང་མཆོག །གཙུག་ན་ཟླ་བས་དེ་ཉིད་ཐོད་ཀྱི་རྒྱན་དུ་སྤུད་དེ་ལེགས་པར་སྐྱོང་ན་དམ་པའི་རྟོགས་བརྗོད་སུ་མི་འཛིན། །དེ་ཕྱིར་གང་གི་མཛད་ཕྲིན་རྒྱ་མཚོ་ཆེ། །བལྟ་འདོད་དོན་མཐུན་སྐྱེ་བོ་མཆིས་སོ་ཅོག །ཐར་ལམ་གྲུ་ཆེན་འཇུག་ངོགས་འདིར་ཞུགས་དང༌། །བྱིན་རླབས་ཡོན་ཏན་ནོར་བུའང་ངང་གིས་རྙེད། །མཐོང་ཐོས་དྲན་རེག་རྗེས་འཛིན་ལྕགས་ཀྱུ་ཡིས། །དམ་དུ་བཟུང་བའི་ངེས་ཚིག་དོན་ལྡན་དུ། །མགོན་པོ་ཁྱོད་ཀྱི་ཆེ་བའི་ཡོན་ཏན་ཏེ། །དེས་ན་བྱིན་རླབས་སྩོལ་བའང་དངོས་པོའི་གཤིས། །ཀྱེ་ཧོ་དགོས་འདོད་