R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༧༠༦
[A:༧༠༦]རིན་ཆེན་འབྱུང་བའི་གཏེར། །བློ་ཆུང་དེད་དཔོན་བྱིས་པའི་ངང་ཚུལ་བདག །བརྒལ་འདོད་འབྲས་བུ་གྱི་ནར་འཁུམས་ན་ཡང༌། །ལྷག་བསམ་མཐུན་པའི་རླུང་དང་ལྷན་ཅིག་འགྲོགས། །དེ་སླད་ཡོངས་རྫོགས་རིན་ཆེན་མ་ལོན་ཡང༌། །རྨད་བྱུང་ངོ་མཚར་བསམ་འཕེལ་དབང་གི་རྒྱལ། །མགོན་པོ་ཐུགས་རྗེའི་བདག་ཉིད་ཀླུ་དབང་གིས། །ས་སྟེང་འདོད་དགུ་འཇོ་བའི་དཔལ་དུ་སྩལ། །རྒྱུ་དེས་ཆོས་ཀུན་རྟེན་འབྲེལ་གྲུབ་པའི་ཕྱིར། །བཀའ་འབངས་བྱིས་བློའི་ཕོངས་པ་ཉེར་སེལ་ནས། །ལྕེ་དབང་དོན་ཡོད་བདེན་ཚིགས་གསར་བའི་སྐྱེས། །འདི་ཀོ་ཀུན་བཟང་མཆོད་པའི་སྤྲིན་བཞིན་འབུལ། །ཀུན་དང་ཐུན་མིན་གསང་བ་དག་སྣང་སྐོར། །མགོན་དེའི་ཐུགས་ཀའི་ཡང་མཛོད་དམར་པོ་ལས། །ཕལ་ཆེར་བརྗོད་ཚིག་ཡིག་ལམ་མ་བྱོན་གཤིས། །བདག་ཡིད་སྨྲ་བསམ་བརྗོད་མེད་ངང་དུ་ལུས། །དྲང་ཐིག་རྒྱལ་ཀུན་དཔང་བཞུགས་དགེ་མཚན་ལས། །སྒྲོ་སྐུར་རྫུན་ཕུགས་རྡིབ་པའི་ཀུན་སློང་བྲལ། །ཡ་མཚན་ངོ་མཚར་ཆེའམ་ཆུང་ཡང་རུང༌། །ཡིན་ལུགས་བློ་ཆུང་གང་ཟིན་དེ་ག་ཡིན། །སྐྱེས་སྦྱངས་ཕྲ་རག་རྔུལ་ལས་ཆེས་དམན་པ། །བདག་བློ་གླང་ཆེན་སྨྱོན་པའི་དྲན་དབང་གིས། །དམ་པའི་རྟོགས་བརྗོད་སྨྲ་སྤོབས་མི་ལྡན་ཡང༌། །རྒྱལ་བའི་ཐུགས་རྗེས་སེམས་མེད་བེམ་པོའང་གཡོ། །དེ་ཕྱིར་གང་གི་གསང་གསུམ་དྲན་པ་དང༌། །སྐྱབས་གཅིག་འཁོན་སྟོན་ཉི་ཟླའི་བཀའ་ལུང་གི །ཟེར་ཕྲེང་སྙིང་གི་ཟེའུ་འབྲུར་འཕོས་མ་ཐག །ལེགས་བཤད་སྦྲང་རྩིའི་བཅུད་འདི་ཟེགས་པར་གྱུར། །དེ་ལྟ་ན་ཡང་ཐོག་མེད་འཁོར་བའི་འདམ། །མ་སྤངས་སྐྱེ་རྒ་ན་འཆིའི་ཚལ་གནས་པས། །ལས་ཉོན་ལང་ཚོ་བདོ་བའི་བཞིན་རས་ཀྱི། །མེ་ཏོག་དགོད་ཀྱང་ལྟར་སྣང་སྐྱོན་མཆིས་ན། །དུས་གསུམ་མི་དགེའི་ལས་འབྲས་དོ་ར་ནས། །ཆས་དང་ལྷན་ཅིག་ལྷག་བསམ་དགེ་བའི་ལག །