R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༤༡
[A:༣༤༡]ཨ་སྐྱབས། ཨ་སེང༌། ནེ་ཅོ་སྦལ་སྟོན། ལྷོ་བྲག་དཀར་སྟོན། མཛངས་སྟོན་མཛའ་ནེ། བསོད་ནམས་རྡོ་རྗེ། གཉག་སྟོན་དབང་རྒྱལ། རྒྱ་སྒོམ་ཚུལ་ཁྲིམས་གྲགས། མི་ཉག་སྟོན་པ། ཁམས་པ་སྒ་ཐེང༌། འ་འུ་མ་སོགས་ཏེ་ཤར་ཕྱོགས་རྒྱ་མཚོའི་མཐའ་ཀླས་པའི་དམ་པ་རྣམས་ཐུགས་རྗེ་ཆེ་ལྡན་དེ་ཡི་སློབ་བརྒྱུད་དུ་གྲགས་པ་ལགས། དེ་སྲས་དཔལ་ཆེན་འོད་པོ་ཡབ་ང་དགུ་ལྕགས་རྟར་འཁྲུངས་ཤིང༌། ང་བཞི་ཆུ་ཕག་ལ་གཤེགས་པ་དེའི་ལྕམ་གར་ཕུ་ཉི་ཁྲི་ལ་འཇམ་མགོན་ས་སྐྱ་པཎྜི་ཆེན་པོ་དང༌། བཟང་ཚ་བསོད་ནམས་རྒྱལ་མཚན་གཉིས་བྱོན་པ་ལས། ཕྱི་མ་ཡབ་སོ་ལྔ་ཤིང་འབྲུག་ལ་འཁྲུངས་ཤིང༌། ང་དྲུག་ས་ཕག་ལ་གཤེགས་པ་དེ་ཉིད་ལ་བཙུན་མོ་ལྔ་ལས། དང་པོ་ཚ་སྣ་ཀུན་སྐྱིད་ཀྱི་སྲས་སུ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་དང༌། འགྲོ་མགོན་ཕྱག་ན་རྡོ་རྗེ་གཉིས་བལྟམས། ཕྱི་མའི་བཙུན་མོ་མམ་གལ། ཆོས་འབུམ། ཞ་ལུ་མཁའ་འགྲོ་འབུམ་གསུམ་ལས་ཕྱི་མའི་སྲས་དྷརྨ་ཕ་ལ། དེའི་ལྕམ་དཔལ་སྟག་གཉིས་ཀྱི་ཕྱི་མར་རཏྣ་བྷ་དྲ་བལྟམས། བཟང་ཚའི་བཙུན་མོ་གཉིས་པ་ཆུ་མདོ་མར་རིན་ཆེན་རྒྱལ་མཚན་ལྕམ་བཅས་བྱུང༌། གསུམ་པ་གུང་ཐང་ལྷ་གཅིག་མཛེས་མར་བསོད་འབུམ་དང་ཉི་འབུམ་ཞེས་ལྕམ་གཉིས་དང༌། བཞི་པ་གཡའ་ལུང་ཧོར་ལྕམ་ལའང་སྲས་མོ་གཅིག །ལྔ་པ་མཛེས་མའི་ཉེ་གནས་རྡོ་རྗེ་ལྡན་ལ་ཡབ་ང་ལྔ་ས་ཁྱིར་ཡེ་ཤེས་འབྱུང་གནས་འཁྲུངས་ཤིང༌། སོ་བདུན་ཤིང་ཁྱིར་གཤེགས་པ་དེའི་བཙུན་མོ་ཁབ་སྨད་འབུམ་མེར་ཡབ་ཉེར་ལྔ་ཆུ་ཁྱི་ལ། བདག་ཉིད་ཆེན་པོ་བཟང་པོ་དཔལ་བལྟམས་ཤིང་རེ་གསུམ་ཤིང་བྱིར་གཤེགས་པ་དེར་སྨན་རྩེ་མ་དང༌། ལུང་ཕུད་བཙུན་མོ་དྲུག་སྟེ་བདུན་གྱི་སྨན་རྩེའི་སྲས་ཆུང་ངུར་གཤེགས། ལུང་ཕུད་དང་པོ་རྒྱལ་པོའི་ལྕམ་མུ་དགན་གྱི་སྲས་སུ་བསོད་ནམས་བཟང་པོ་ལྕམ་སྲིང་གཉིས། བསོད་ནམས་བཟང་པོའི་བཙུན་མོ་བུདྡྷ་གན་གྱི་སྲས་སུ་རཏྣ་བྷ་དྲ་བཅས། ལུང་ཕུད་གཉིས་པ་མང་