R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༤༢
[A:༣༤༢]མཁར་སོགས་སྦེ་ངང་མོར། ཏི་ཤྲི་ཀུན་དགའ་བློ་གྲོས་བྱོན་པ་སྟེ་སྤྱི་ལ་དབང་བསྒྱུར་གྱི་གདུང་རབས་སྲས་སུ་གྲགས་པ་རྣམས་སོ།། །། ༈ དེ་ལས་གྱེས་པ་གཞི་ཐོག་བླ་བྲང་གི་གདུང་རབས་ནི། ལུང་ཕུད་གསུམ་པ་གླང་མཚོན་སྤེ་མ་ནམ་མཁའ་རྒྱལ་མོར། ཡབ་ཞེ་བཞི་པ་ཤིང་སྦྲུལ་ལོར་མཁས་བཙུན་ནམ་མཁའ་ལེགས་པ་འཁྲུངས་ཤིང༌། སོ་དགུ་ཆུ་ལུག་ལ་གཤེགས་པ་དེས། ཡབ་དང་མཁས་པ་ནོར་བཟང་དཔལ་སོགས་བསྟེན་ཅིང༌། ཞལ་སློབ་ཆོས་རྗེ་བླ་མ་དམ་པ་སོགས་སོ། །ནམ་མཁའ་བཤེས་གཉེན་དང་ནམ་མཁའ་རྒྱལ་མཚན་རྣམ་གཉིས་ནི་དེའི་གཅུང་ངོ༌། །མཁས་བཙུན་ཆེན་པོའི་བཙུན་མོ་ངམ་རིང་ཁང་གསར་མ་དགེ་འདུན་འབུམ་ལ། ཡབ་སོ་ལྔ་ས་ཡོས་ལོར་ཀུན་དགའ་རིན་ཆེན་འཁྲུངས་ཤིང༌། རེ་གཅིག་ས་ཡོས་ལ་གཤེགས་པ་དེའི་དབུ་བླ་ནི། ཆོས་རྗེ་བླ་མ། མཉམ་མེད་གྲགས་རྒྱལ། ཞང་སྟོན་དབང་ཕྱུག་རྒྱལ། མགོན་རྒྱལ། འཇམ་སྔོན། གུང་རུ་སོགས་བསྟེན་ཅིང་ཞལ་སློབ་ཀྱང་མང་དུ་བྱུང་འདྲ། བཙུན་མོ་གཉིས་ཀྱི་དང་པོ་ཉི་ཐོག་ནམ་པར་བློ་གྲོས་རྒྱལ་མཚན་འཁྲུངས་ཤིང༌། དེའི་བཙུན་མོ་ས་སྐྱ་རྒྱལ་མོ་སྐྱིད་ལ་ཀུན་དགའ་དབང་ཕྱུག་བལྟམས། བཙུན་མོ་གཉིས་པ་མཉམ་མེད་དཔོན་མོ་མ་གཅིག་དགེ་མ་ལ་གྲགས་པ་བློ་གྲོས། ཀུན་དགའ་བློ་གྲོས། གཞན་ཡང་ལྕམ་གཅིག་བཅས་འཁྲུངས་ཤིང༌། གྲགས་བློའི་བཙུན་མོ་བྲག་དཀར་མར་བློ་གྲོས་དབང་ཕྱུག་འཁྲུངས་པ་རྣམས་ནི། གཞི་ཐོག་བླ་བྲང་བའི་གདུང་རབས་སུ་གྲགས་པའོ།། །། ༈ དེ་ནས་བླ་བྲང་རིན་ཆེན་སྒང་པའི་གདུང་རབས་ནི། ལུང་ཕུད་བཙུན་མོ་དྲུག་པ་ཞ་ལུ་གཞོན་འབུམ་གྱི་སྲས་སུ་ཀུན་དགའ་ཉི་མ། དོན་ཡོད་རྒྱལ་མཚན། བསོད་ནམས་རྒྱལ་མཚན་ཏེ་སྐུ་མཆེད་གསུམ་ལས། དོན་ཡོད་རྒྱལ་མཚན་ཡབ་ཉེར་དགུ་ལྕགས་ཁྱིར་འཁྲུངས་ཤིང༌། །སོ་ལྔ་ཤིང་སྤྲེར་གཤེགས་པ་དེས་ཡབ་དང༌། བསོད་ནམས་གྲགས་པ། དཔལ་ལྡན་སེང་གེ །གྲགས་པ་སེང་གེ །སྤང་ལོཙྪ་བ། བསོད་