R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༤༧
[A:༣༤༧]དམ་པ་མང་དུ་བསྟེན་ཅིང་ཞལ་སློབ་ཀྱང་ཁ་ཤས་བྱུང༌། བཙུན་མོ་ཡོལ་གདོང་མ་ནོར་བུ་བུུ་ཁྲིད་ལ་བསྟན་འཛིན་དབང༌། བསོད་ནམས་འཕགས་པ། བསོད་ནམས་དབང་རྒྱལ་གསུམ་ལས་ཕྱི་མ་ཡབ་སོ་གསུམ་ཤིང་བྱར་བལྟམས་ནས་རེ་དྲུག་ལྕགས་སྟག་ལ་གཤེགས་པ་དེས་གཅེན་བགྲེས་པ་དང༌། ངག་དབང་བསྟན་པའི་རྡོ་རྗེ་སོགས་བསྟེན་ནས་ཞལ་སློབ་ཀྱང་ཁ་ཤས་བྱུང༌། བཙུན་མོ་སྟག་ལུང་མ་བཀྲ་ཤིས་ཚེ་རིང་ལ་ཀུན་དགའ་ཚེ་དབང་རིག་འཛིན་དང༌། ངག་དབང་ནོར་བུ་རྒྱལ་མཚན་གཉིས། ཡང་ཕལ་མོ་ཞིག་ལས་སྲས་གཅིག་སྟེ་གསུམ་བྱོན་པའི་ནོར་བུ་རྒྱལ་མཚན་གྱི་བཙུན་མོར་བྱ་སྒོ་མ་ཚེ་རིང་བུ་ཁྲིད་བཞེས་མོད། ཡབ་སྲས་ལྕམ་བཅས་དེ་དག་གི་སྐུ་ཐོག་ལ་བསྟན་གེགས་ཀྱིས་གདན་ས་འཐོར་བ་ནས་བཟུང་ཡུན་རིང་འདས་ཤིང༌། ཕྱིས་སུ་དྲིན་ཅན་རྩ་བའི་བླ་མ་དམ་པ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་སྐུ་དྲིན་མཚུངས་པ་མ་མཆིས་པའི་ཞལ་སྔ་ནས་དེ་ཉིད་དགུང་གྲངས་བཅུ་དྲུག་ཏུ་བྱོན་པ་ཤིང་བྱི་ལོར་གདན་ས་ཆེན་པོ་རྩེ་གདོང་ཕྱག་འབྱོར་བྱུང་བ་སྟེ། ཕྱིས་བྱོན་རྩེ་གདོང་བླ་བྲང་བའི་གདུང་རབས་སུ་གྲགས་པ་རྣམས་སོ། །གོང་གི་ཀུན་དགའ་བསམ་གྲུབ་ཀྱི་གཅུང་པོ་སྔགས་འཆང་བདུད་ཀྱི་སྟོབས་འཕྲོག་ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཉིད་ཡབ་ཉེར་དྲུག་པ་མེ་གླང་ལོར་འཁྲུངས་ཤིང་རེ་བརྒྱད་པ་ཤིང་སྤྲེར་གཤེགས་པ་དེའི་དབུ་བླ་ནི། ས་ལོ་ཆེན་པོ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཕགས་ཆེན་དཔལ་ལྡན་བཀྲ་ཤིས། སྤྱན་སྔ་ངག་དབང་ཆོས་གྲགས། ངོར་ཆེན་སངས་རྒྱས་སེང་གེ །མཁན་ཆེན་ལེགས་པའི་བློ་གྲོས་སོགས་བསྙེན་ནས་ཞལ་སློབ་རིས་མེད་ནོར་འཛིན་གྱི་རྡུལ་དང་མཉམ་པ་བསྐྲུན་པར་མཛད་དེ།