R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༤༨
[A:༣༤༨] བཙུན་མོ་གསུམ་གྱི་དང་པོ་ཤར་གླིང་མར་སྲས་མོ་གཉིས་དང༌། གཉིས་པ་གདོང་དགའ་མ་བགྲེས་པ་བསོད་ནམས་ལེགས་མཛོམ་དཀར་མོ་ལས་འཇམ་དབྱངས་བསོད་ནམས་དབང་པོ་དང་སྲས་མོ་གསུམ་བཅས་བལྟམས། གསུམ་པ་གཞོན་པ་བཀྲ་ཤིས་དཔལ་གྱི་བུ་འཁྲིད་ལས་ཡབ་ཞེ་བདུན་ཆུ་ཕག་ལོར་སྔགས་འཆང་གྲགས་པ་བློ་གྲོས་ཞེས་བྱ་བའམ་མཚན་གཞན་བསོད་ནམས་རྒྱལ་མཚན་འཁྲུངས་ཤིང་ང་ལྔ་མེ་སྦྲུལ་ལ་གཤེགས་པ་དེས་ཡབ་དང་གཅེན། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། ཐར་རྩེ་པཎ་ཆེན་སོགས་བསྙེན་ནས་ཞལ་སློབ་ཀྱང་མང་དུ་བསྐྲུན་པར་མཛད་ཅིང༌། བྱང་བདག་ལྷ་སྲས་བསོད་ནམས་རྒྱལ་མོ་ཁབ་ཏུ་བཞེས་པར་སྲས་དྲུག་བྱོན་པའི་དང་པོ་གཉིས་དང་བཞི་པ་ཆུང་ངུར་གཤེགས །གསུམ་པ་སྒར་ཆེན་མཐུ་སྟོབས་དབང་ཕྱུག །ལྔ་པ་སྔགས་འཆང་ཀུན་དགའ་དབང་རྒྱལ། དྲུག་པ་ནི་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་བསྟན་པ་རིན་པོ་ཆེ་སྤེལ་བར་བསམས་བཞིན་བྱོན་པའི་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་གྲགས་པ་དེ་ཉིད་ཡབ་སོ་ལྔ་མེ་བྱ་ལོར་བལྟམས་ནས་རེ་གསུམ་ས་ཕག་ལ་གཤེགས་པ་དེའི་དབུ་བླ་ནི། ཁུ་བོ་སྐུ་མཆེད། རྩེ་གདོང་ཁྲི་ཆེན་བསོད་ནམས་ལྷུན་གྲུབ། གཅེན་པོ་གཉིས། གཅིག་ཆོག་མུས་པ་ཆེན་པོ། སངས་རྒྱས་རྒྱལ་མཚན། ཐར་རྩེ་པཎ་ཆེན། སྤྱན་སྔ་ཀུན་དགའ་དོན་གྲུབ། ནགས་དགོན་པ་སྦྱིན་པ་གྲགས། འབུམ་ཆེན་ཀུན་དགའ་དཔལ། དབང་ཕྱུག་རབ་བརྟན། ངག་དབང་ཆོས་གྲགས་སོགས་བསྙེན་ཅིང༌། ཞལ་སློབ་ནི་ཉི་ཟེར་རྡུལ་ལྟར་བསྐྲུན་པར་མཛད། སྐུ་མཆེད་གསུམ་ལ་སྡེ་སྲིད་ལྷུན་རྩེ་མའི་ཉེ་གནས་ཆ་ཤོད་མཐོང་སྨོན་བུ་སྲིང་མ་བཀྲ་ཤིས་དཔལ་གྱི་བུ་བསྐྱེད་ཅེས་བྱ་བ་ཁབ་ཏུ་བཞེས་པར་ལྕམ་གཅིག་དང་གདུང་གཅིག་ཕེབས་པ་ཆུང་ངུར་གཤེགས། དེ་ནས་ཀོ་ཅག་འགྲོ་མགོན་འཇིགས་བྲལ་གྱི་སྲས་མོ་ཨཽཌྱིན་སྐྱབས་མ་བཞེས་པར་ཡབ་ཞེ་གཉིས་ས་སྟག་ལ་འཇམ་དབྱངས་བསོད་ནམས་དབང་ཕྱུག་