R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༠༥
[A:༣༠༥]མཛོད་སྒོ་ཡངས་པའི་གཞི་ཡང་འདི་ཕྱེ་ཡིས། །བསྟན་འགྲོའི་གསོས་སུ་བྱོས་ཤིག་བཀའ་བཞིན་བྱེད་པོ་ངའོ་སྒྲོགས་བྱེད་ནོར་གྱི་ལྷ་རྣམས་དགའ་བའི་གར་གྱིས་བྲེལ། །གྲངས་མེད་ཆོས་ཕུང་རྒྱ་མཚོ་མཁྱེན་རབ་ཀྱི། །ལྟོ་བ་དག་པའི་དབྱིངས་སུ་ཧུབ་གཅིག་གིས། །འདྲེན་ལ་གཅིག་ཏུ་མ་གྱུར་ཨ་གསྟྱ། །པཎ་གྲུབ་ལོཙྪ་འཕུར་བྱེད་ཚོགས་བཞིན་གསལ། །བསིལ་ལྡན་ར་བ་དཀར་པོའི་འདུན་ཁང་ན། །གཏུམ་སྤྱོད་ངན་པའི་ཟློས་གར་བསྒྱུར་བའི་དུས། །དགེ་བཅུའི་ཁྲིམས་ཀྱི་ལམ་དུ་བསྲང་མཁས་པའི། །མཁན་སློབ་ཆོས་གསུམ་རྣམ་ཐར་བསམ་གྱིན་དད། །ཁྱད་པར་ཕྱི་དར་བསྟན་པའི་ཉི་མ་མཆོག །འགྲོ་བའི་མགོན་པོ་དཔལ་ལྡན་ཨ་ཏི་ཤས། །དག་སྣང་རབ་འབྱམས་ཀློང་དུ་ལུང་བསྟན་བཞིན། །རིགས་གསུམ་འབྱོན་གནས་རྡོ་རྗེའི་གདན་ས་ཆེ། །འཇིགས་བྲལ་སྟོབས་ཀྱི་མགོན་པོས་ང་དབང་ཞེས། །སྐྱིལ་ཀྲུང་གཅིག་གིས་མོན་བལ་གྲོག་གི་བར། །བྱིན་བརླབས་གནས་འདིར་སྔོན་དུའང་ཟ་ཧོར་གྱི། མཧཱ་གུ་རུའི་མི་འཇིགས་གཟེར་བཙས་བསྲུངས། །ཡུལ་གྱི་ཁྱད་པར་དགེ་བཅུ་བརྡལ་བའི་དབུས། །ལྟོ་འགྲོའི་དབང་པོ་རྩེ་དགའི་དོ་ར་ཆེ། །ས་ལ་སྒོ་རུམ་ཉིད་དུ་མངའ་གསོལ་ཏེ། །འཁོན་སྟོན་རཏྣ་རཱ་ཛའི་དཔལ་གྱིས་བསྐྲུན། །དེ་ལྟའི་ངོ་མཚར་ཞིང་གི་གནྡྷོ་ལར། །ཚད་ལྡན་ལུང་རིགས་དཔྱད་གསུམ་ཕོ་ཉ་ཡིས། །བསྐུལ་བའི་རིགས་གསུམ་སྤྲུལ་པའི་ཟློས་གར་ནི། །དག་བྱེད་གཉེར་མའི་ངང་ཚུལ་བཞིན་དུ་གསལ། །བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་ཀུན་དགའི་མཚོ། །བསྲུབས་སྐྱེས་བདུན་ཅུ་རྩ་གཉིས་སྙིང་པོའི་ནོར། །རིས་མེད་བསོད་ནམས་རྒྱལ་མཚན་རྩེ་མོ་རུ། །སྙན་གྲགས་ཁྱབ་པ་རྒྱལ་བའི་མཚན་མཆོག་གསུམ། །འཇིག་རྟེན་ཀུན་ཏུ་དགའ་བ་རྒྱལ་བའི་བསྟན། །མཚན་མཆོག་གསུམ་ལྡན་བློ་གྲོས་རིགས་ཀྱི་དཔྱིད། །དོག་པ་ཆད་མེད་སྲིད་ཞིའི་རྒྱལ་ཁབ་ཏུ། །མཚན་བཟང་འཛིན་རྒྱུན་དུས་གསུམ་ཚོགས་རྣམས་བསྔགས། །