R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༦༠
[A:༣༦༠]འཐེན་ཏེ་ཡར་བཞེངས་བཅུག་ནས་ད་ལམ་གྱི་བུ་ཆུང་འདི་ལ་བཟང་པོ་མཆོག་ཏུ་ཐོགས་ཤིག་ཟེར་བ་འཁྲུངས་པ་སོགས་ཏེ། སྟོད་འགྲེལ་སྐད་དུ་ཞི་བར་འབོད་ཅིང༌། དྲུག་ཅུའི་ལོ་ཁམས་དང་སྦྱར་བའི་ས་མོ་བྱ་ལོ། སྐར་རྩིས་དཔྱིད་འབྲིང་གི་ཟླ་བའམ་ལུགས་གཅིག་ན་དཔྱིད་ཐར་འདོད་པ། ཧོར་ལུགས་མཱ་ཡོལ་དུ་འབོད་ཅིང༌། རྒྱུ་སྐར་ནག་པས་ཉ་བ། སྟོན་པས་དུས་འཁོར་ཤྲཱི་དྷཱ་ནྱ་ཀ་ཊ་ཀར་གསུངས་པའི་དུས་ཆེན་གྱི་ཟླ་བ་ཉིས་བརྩེགས་ཀྱི་དང་པོའི་ཚེས་བཅུ་གཅིག །དགའ་བ་གསུམ་པ། དབྱངས་ཧ་ཡིག །ཁམས་ནམ་མཁའ། འདོད་ཡོན་སྒྲ། ན་ཚོད་བྱིས་པ། གསལ་བྱེད་ནྛཱཾ། ཉི་མ་བྱི་བ། རྟེན་འབྲེལ་རེག་པ་སྤར་ཁ་དྭ། སྨེ་བ་ལྔ་སེར། རེས་གཟའ་ཉི་བུ། རེས་སྐར་སྐག་སྟེ་གཟའ་སྐར་ཁམས་འཕྲད་ལང་ཚོ་སྦྱོར་བ། འཕྲོད་ཆེན་ཡིད་དང་ལྡན་པའི་ཉི་ཤར་ཏཏྐཱལ་ཨེ་ཌ་ཀའི་དུས་སུ་ནམ་མཁའ་འཇའ་འོད་ཀྱིས་གང་སྟེ་བཙུན་མོར་ཟུག་པ་དང༌། མེ་ཏོག་གི་ཆར་ཉིལ་བ་སོགས་བཀྲ་ཤིས་པའི་དགེ་མཚན་དཔག་ཏུ་མེད་པ་དང་ལྡན་པའི་ངང་ནས་ཡུམ་ལ་གནོད་པ་མེད་པར་གཟུགས་སྐུའི་དཀྱིལ་འཁོར་བདེ་བ་ཉིད་དུ་བལྟམ་པར་གྱུར་ཏོ། །དེ་དག་གི་དོན་བསྡུ་ན། སྔོན་ཚེ་སྐབས་གསུམ་འཆི་མེད་བཀངས་ནས། །ཚེ་དུས་ལྟ་ཉོན་སེམས་ཅན་ལྔ་བདོའི་མགོན། །མཆེ་བ་དྲུག་ལྡན་ཐལ་དཀར་གཉིས་འཐུང་ནི། །རྣམ་ལྔའི་གཟིགས་པས་སྒྱུ་འཕྲུལ་ལྷུམས་ཞུགས་སུ། །དགེ་མཚན་དོན་ཀུན་འགྲུབ་པའི་ལྟས་མཚར་པོ། །སྣང་སྲིད་ཁྱོན་ལ་རྫོགས་པའི་གོ་སྐབས་བྲལ། །དེ་ལྟའི་རྨད་བྱུང་དཔལ་ལ་ཅོ་འདྲི་བའི། །ངོ་མཚར་ཁོང་ནས་འཛུམ་པའི་ཀུ་སུ་མཿ །དབུས་འགྱུར་འཆང་ནས་བརྒྱ་ཕྲག་དཔག་ཚད་ཀྱིས། །བསྐལ་པའི་རྣམ་སྣང་ཕོ་བྲང་གཉིས་པའི་ལྗོངས། །དབྱིག་འཛིན་དགའ་ཚལ་སྐྱེད་བྱེད་མ་མའི་ལྟོར། །འཕོས་འཕྲལ་ཡ་མཚན་གསར་བའི་ཕྱི་ནང་གི །རྟེན་ཅིང་འབྲེལ་འབྱུང་ར་ཡིག་གཉིས་པའི་གླུ། །ལྟར་སྣང་གཅམ་བུའི་འགྱུར་ཁུགས་དང་བྲལ་ནས། །ཡང་དག་དོན་གྱི་གཏམ་སྙན་ཁ་ལོ་བ། །གནས་སྐབས་དེ་ལས་གཞན་དུ་མ་འགྱུར་