R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༠༦
[A:༣༠༦]དེ་ལས་སྐྱེ་འགྲོའི་ལེགས་བྱས་མེ་ལོང་དུ། །ཕན་བདེའི་སྣང་བརྙན་མཆོག་ཏུ་ཤར་བའི་མགྲོན། །བདུད་རྩིའི་ཟས་ཅན་དང་བཅས་འཇིག་རྟེན་གྱི། །བསླུ་མེད་སྐྱབས་སུ་ཆེ་ཁྱོད་སླར་ཡང་བསྔགས། །གང་གིས་མཛད་ཕྲིན་སྔོ་བསངས་སྒེག་མོའི་ལུས། །རྫོགས་པར་གཟིགས་ལ་སྲས་བཅས་རྒྱལ་བ་ཡང༌། །ངལ་བ་ཉིད་ན་བྱིས་བློ་ཞིང་རྡུལ་གྱི། །རྗེས་སུ་བསྙེགས་ཀྱང་ཨེ་རཎྜ་ཡི་འབྲས། །འོན་ཀྱང་ལྷག་བསམ་དད་པའི་ཤིང་རྟ་ཡིས། །ཇེང་དྲངས་ངོ་མཚར་མཛད་པའི་བཅུ་གཉིས་བདག །ཡིད་ཀྱི་མཁའ་ལ་མངོན་པར་གསལ་བའི་ཕྱིར། །ཅི་ཤེས་ཚད་མའི་ལམ་ནས་འདྲེན་པར་སྤྲོ། །སྦྱངས་སྟོབས་ཡོན་ཏན་ཕྲ་མོའི་བྱིས་པའི་བློ། །མཐའ་བྲལ་མཛད་པར་འཇུག་འདི་སྤྱི་བརྟོལ་ཆེ། །འོན་ཏང་གཟུ་ལུམས་རྫུན་བྲལ་བདེན་གཏམ་འདི། །འཇམ་མགོན་འཁོན་སྟོན་བཀའ་ཡིས་གནང་བའང་སྩལ། །གང་འདི་རྡོ་རྗེ་འཛིན་མཆོག་དགྱེས་རྫས་ཏེ། །ཀུན་སློང་དྲི་ང་ཅན་གྱི་སྙིང་འབིགས་མཚོན། །འབྲེལ་མེད་བབ་ཅོལ་བྲལ་བའི་ལེགས་བཤད་དེ། །མཐུ་ལྡན་མ་ཧཱ་ཀཱ་ལས་བདག་པའི་ནོར། །ཡོན་ཏན་འཁྱོག་པོར་བསྐུལ་བའི་གནམ་རུའི་རྒྱུད། །སྒྲོ་བཏགས་ཚིག་གི་ཉག་ཕྲན་བརྟེན་བཅས་ནས། །དྲེགས་པའི་སྐད་གསང་མཐོན་པོར་འབྱིན་པ་དང༌། །རྣམ་ཀུན་མཚུངས་པའི་གོ་སྐབས་འདི་ན་དབེན། །རྟོགས་བརྗོད་ངོ་མཚར་འཕྲུལ་གྱི་ས་གཞི་ལ། །དགེ་ལེགས་ས་བོན་དར་བའི་རོལ་རྩེད་ཀྱིས། །སྡེ་བཞིའི་འབྲས་བཟང་ཕང་ཕུང་འབྱུང་བའི་གནས། །དད་ལྡན་སྐྱེ་དགུའི་གསོས་སུ་འདི་ན་བསྟར། །ཞེས་མཆོད་པར་བརྗོད་ཅིང༌། །བཤད་པར་དམ་བཅའ་བས་སྡུན་བསུས་ནས། འདིར་གླེང་བར་བྱ་བ་ནི། འཇིག་རྟེན་ན་མ་ལུས་ཤིང་ལུས་པ་མེད་པའི་འགྲོ་བ་སྐབས་གསུམ་ན་གནས་པ་དང་བཅས་པའི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། རབ་འབྱམས་མུ་མཐའ་ཀླས་པའི་སྟོབས་བཅུ་མངའ་བ་ཡོད་དོ་ཅོག་གི་འགག་མེད་