R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༦༩
[A:༣༦༩]ཀྱང་རྗེ་ཉིད་ལ་འདི་ངའི་བླ་མ་ཡིན་ཞེས་ཐུགས་མཉེས་པོ་དཔེ་བྲལ་དུ་མཛད། སྐབས་ཤིག་འོད་གསལ་དུ་གཟིམ་ཤར་དཔེ་ཁྲིའི་ལོགས་ལ་སྤྲེའུ་ཆེན་པོ་མི་ཚད་ཙམ་ཞིག་གར་བྱེད་པ་དང༌། ཡང་ལན་ཅིག་མི་གཉིས་གྲི་རིང་ཁྱེར་ནས་རྗེ་ཉིད་ལ་མཐོ་འཚམས་བགྱིད་ཚུལ་འཁྲུངས་པ་འདི་དག་ཀྱང་མདོ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང༌། །ཞེས་གསུངས་པ་ལྟར་བར་ཆད་ཀྱི་ངོ་ཞིག་ཡིན་ནའང་ཡབ་རྗེ་སོགས་དམ་པ་གོང་མའི་ཐུགས་རྗེ་དང་རྗེ་ཉིད་ཀྱི་ཐུགས་བསྐྱེད་ཀྱིས་ཉེར་འཚེ་མི་མངོན་དབྱིངས་སུ་ཡལ། དེ་ཙམ་ལ་ཡུམ་མཆོག་བསྟན་འཛིན་བསོད་ནམས་བཟང་མོ་དེ་གྲ་པ་བགྲེས་པོ་འདྲ་བ་ཞིག་རེས་འགའ་རྩེར་བཞུགས་ཉིར་བྱོན་ཏེ་རྗེ་ཉིད་ལ་ཐུགས་ལྷག་པར་བརྩེ་ཉམས་མཛད་པ་རྣམས་ཐུགས་ཀྱི་དཔལ་བེའུར་ཡང་དག་པར་མངའ་བ་ལགས།། །། ༈ དགུང་གྲངས་ལྔ་པ་ཆུ་གླང་ལོ་ཙམ་ལ་འོད་གསལ་གྱི་ངང་དུུ་ས་སྐྱ་མ་བཏབ་གོང་གི་ལུང་པ་འདིའི་དབྱིབས་རྣམས་གཟིགས་ནས། འདིར་མ་འོངས་པ་ན་དཔལ་ལྡན་ས་སྐྱ་ཞེས་པའི་དགོན་ཆེན་ཞིག་ཡོང་རྒྱུ་ཡིན་དགོངས་པ་ཐུགས་ལ་འཁྲུངས་པ་དང༌། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་སེམས་ཅན་ཞིག་དམྱལ་བ་ནས་བཏོན་པ་དང༌། ས་ཆེན། རྩེ་མོ། ཆོས་རྗེ་ཁུ་དབོན་ཏེ་བཞི་ལྷན་ཅིག་ཏུ་གཟིགས་པ་དང༌། རྗེ་བཙུན་རིན་པོ་ཆེ་མཉམ་བཞག་གི་ཕྱག་རྒྱ་ཅན་ལ་མཆོད་པའི་ལྷ་མོས་མཆོད་པ་འབུལ་བ་སོགས་ལན་གཉིས་གསུམ་མི་འདྲ་བར་འཁྲུངས་པ་སྟེ་ཀླུ་སྒྲུབ་དང་རྗེ་བཙུན་གོང་མ་ལྔའི་ཞལ་དེ་དུས་ཀ་གཟིགས་ཤིང་དེ་ལོ་ཆོས་ཁྲི་ཐང་མོ་ཆེར་གསེར་ཟངས་ཀྱི་རྒྱ་ཕིབས་གནང་ངོ༌།། །། ༈ དགུང་གྲངས་དྲུག་པ་ཤིང་སྟག་གི་སྟོན་རྗེ་བཙུན་ཨ་ཎི་དྲུང་གིས་མགོན་པོའི་སྐུ་མཚམས་གྲོལ་བའི་སྦྱིན་སྲེག་ཚོམས་དམར་དུ་གནང་སྐབས་དྲག་ཡོལ་འགང་དཀར་མ་བཀྲམ་པ་གཟིགས་པས། འདི་འདྲའི་ཡོལ་བའི་རྣམ་དཔྱོད་ཨང་དགོངས་པ་འཁྲུངས་བྱུང་གསུང་བ་ནི་ཕྱིས་སུའང་དྲག་ཡོལ་དེར་གཙིགས་ཆེན་མཛད་སྐབས་ཐོས་ལགས། དེ་ལོ་ཐུགས་ལ་དགྱེས་པའི་སྔར་གྱི་བུ་རྫི་