R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༧༠
[A:༣༧༠]བཀྲ་ཤིས་རབ་མཛེས་ཆུ་ནད་ཀྱིས་མནར་བས་དེ་མི་འཚོ་བར་མཁྱེན་ཏེ་གན་དུ་ཡང་ཡང་ཐེབས་པས་རྒན་མོ་བསམ་པ་རྫོགས། དེ་འདས་པ་གསན་པས་དམ་པ་རྣམས་ནི་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ཡིན་པས་ན། སྤྱན་ཆབ་ཀྱི་རྣམ་པ་མཛད་ཅིང་སྙིང་རྗེའི་ཀུན་སློང་བསམ་གྱིས་མི་ཁྱབ་པ་འཁྲུངས། དེ་ཚབ་དཔལ་རྩེ་སྡེ་པས་ཞབས་འགྱུར་ཧུར་བསྐྱེད་ཀྱིས་ཞུས་ཀྱང་ཕྱིས་སུ་དེ་ཉིད་ལ་བར་ཆད་ཞུགས་ནས་གདན་ས་ཆེན་པོ་དང་ཧ་ཅང་འབྲེལ་ཆགས་པ་མ་བྱུང་བར་གླེང་ཞིང་གནས་གསར་རྗེ་ཕེབས་ཐེང་གཉིས་པའི་སྐབས་སོ།། །། ༈ དགུང་གྲངས་བདུན་པ་ཤིང་ཡོས་སྣྲོན་ཟླའི་ཡར་ཚེས་དགེ་ཞིང་བཀྲ་ཤིས་པའི་ཚེས་བརྒྱད་ཀྱི་ཉིན་སྐུ་ཡོན་གྱི་ཐོག་མ། ཐོན་མི་སམྦྷོ་ཊས། བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །ཞེས་གསུངས་པ་ལྟར་གྱི་དོན་དང་ལྡན་པའི་ཀཱ་ལི་ལྗགས་ཀློག་གི་དབུ་འཛུགས་རྒྱུའི་སྔ་དྲོ་སྒོ་རུམ་གཟིམ་སྤྱིལ་དཀར་པོ་དང༌། དབུ་རྩེ་རྙིང་མའི་འཇམ་དབྱངས་གཟི་འོད་འབར་བ་མཇལ་བར་ཕེབས་པས་བསེ་མགོན་ཆེན་པོའི་སྐུ་མདུན་གྱི་ས་སྟེགས་སྟེང་ནས་རྒྱ་ཁབ་གཞན་ལས་པ་ལྡབས་ཀྱིས་རིང་བ་ཞིག །བསེ་མགོན་ཡིད་བཞིན་གྱི་ནོར་བུས་བསླུ་མེད་རྟེན་འབྲེལ་གྱི་ཆེ་བས་སྩོལ་བར་མཛད་པའང༌། རྗེ་བཙུན་འཇམ་པའི་དབྱངས་ཀྱི་མཚན་ལ་རྡོ་རྗེ་རྣོན་པོར་གསུངས་པ་བཞིན་རྗེ་ཉིད་ཀྱི་མཁྱེན་རབ་སཱུ་ཙེའི་རྩེ་མོ་ལྟར་རྣོ་བར་འགྱུར་རོ། །ཞེས་གསུངས་པའི་ལུང་བསྟན་དུ་གོར་མ་ཆག་པས་ཁབ་དེའང་རྒྱུན་རིང་གི་བར་ཐུགས་ཚགས་མཛད་ཅིང༌། ཡབ་རྗེ་མཆོག་ནས་ཀ་ཕྲེང་སོགས་འབུལ་གནང་སྐབས་ཚེགས་མེད་དུ་མཁྱེན་པ་སོགས་ཐུགས་རབ་ཀྱི་བདག་པོར་མངའ་གསོལ་གྱི་སྒོ་དང་པོའང་འདི་ནས་དོད་དེ། ཇི་སྐད་དུ། ཆོས་ཀྱི་མ་མོ་མ་བསླབས་ཐུགས་སུ་ཆུད། །ཅེས་པའི་གྲས་སུ་བཞུགས་ཤིང༌། དེ་སྐབས་ཡབ་རྗེ་མཆོག་གིས་མཚོན་ལེགས་སོའི་རྟེན་འབྱུང་གྲས་གྲ་ཏོག་གསེར་གསུམ་གྱི་གླེགས་བམ་ཕྱག་ཏུ་སོན་པ་ནི། རྒྱལ་བའི་བཀའ་མདོ་རྒྱུད་དགོངས་