R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༠༧
[A:༣༠༧]ཡན་ལག་དྲུག་ཅུའི་ནཱ་དའི་གསང་བ་བདག་གིར་བཞེས་པའི་བརྟན་པའི་འཁོར་ལོ། །རྒྱུ་མེད་འགྲོ་ལ་རྗེས་སུ་ཆགས་པ་དེ་དག་གི་བརྩེ་ཆེན་ཡེ་ཤེས་ཀྱི་རང་བཞིན་ཕུང་པོའི་གཟུགས་སུ་ཆས་པའི་འཕགས་མཆོག་ཕྱག་ན་པདྨོ། སྒྲིབ་གཉིས་བག་ཆགས་དང་བཅས་པའི་སྨག་རུམ་སྟུག་པོ་ཕ་མཐར་འཇོམས་ཤིང་མཐུ་སྟོབས་ཀྱི་དྲག་རྩལ་རྒོད་པའི་གསང་བའི་བདག་པོ་ཉིད་དུའང་གྲུབ་པ། རིས་སུ་མ་ཕྱེད་པའི་ཟབ་པ་དང་རྒྱ་ཆེ་བའི་ལུགས་སྲོལ་བསམ་གྱིས་མི་ཁྱབ་པས་ཐུགས་ཀྱི་བུམ་བཟང་གཏམས་པས་དགོས་འདོད་མ་ལུས་པའི་གཏེར་གྱི་རིན་ཆེན་འབྱུང་ལྡན། དེ་ལ་བརྟེན་ནས་རྒྱལ་བ་ཉི་མའི་གཉེན་གྱི་ལུང་རྟོགས་བསྟན་པ་རིན་པོ་ཆེ་ལ་དཔྱད་གསུམ་རྣམ་པར་དག་པའི་སྒོ་ནས་འཆད་རྩོད་རྩོམ་གསུམ་གྱིས་བྱི་དོར་མཁན་པོ། བྱེ་བྲག་རྗེ་བཙུན་བརྩེ་ཆེན་སྙིང་པོའི་སྙན་བརྒྱུད་གདམས་པའི་ཚ་ཟེར་གྱིས་སྐལ་ལྡན་གདུལ་བྱའི་བློ་གྲོས་ཀྱི་པད་ཚལ་འབྱེད་ལ་གཞན་དྲིང་མི་འཇོག་པ། བགྲང་བ་ལས་འདས་པའི་སྐྱེ་འགྲོའི་ལེགས་བྱས་ཀྱི་ཕོ་ཉས་དྲངས་པའི་བླ་ན་མེད་པའི་མཆོད་སྡོང་ཆེན་པོར་ལྷུན་གྱིས་གྲུབ་པ། ཆོས་ཀྱི་རྗེ། ཆོས་ཀྱི་རྒྱལ་པོ། ཆོས་ཀྱི་དབང་ཕྱུག །ཆོས་དམ་པའི་འབྱོར་པ་ཐམས་ཅད་ཀྱིས་ཕུན་སུམ་ཚོགས་ཤིང༌། འཁོར་བ་དང་མྱ་ངན་ལས་འདས་པའི་དཔལ་དམ་པར་སོན་པ། ངེས་པའི་དོན་དུ་ཁྱབ་གདལ་མི་འགྱུར་དྲི་མ་གཉིས་བྲལ་དབྱེར་མེད་ནམ་མཁའ་ལྟ་བུ་ཆོས་ཉིད་དེ་བཞིན་ཉིད་ཀྱི་སྐུའི་ངང་ལས་གཡོ་བ་མེད་བཞིན་དུ། གདུལ་བྱ་རྣམས་ཀྱི་ཁམས་དང༌། བསམ་པ་དང༌། བག་ལ་ཉལ་དང་རྗེས་སུ་མཐུན་པའི་སྒོ་ནས་གཟུགས་སྐུ་རྣམ་པ་གཉིས་ཀྱི་རོལ་རྩེད་གང་འདུལ་སྤྲུལ་པའི་ཟློས་གར་གྱིས་དུས་འདིར། རྡོ་རྗེ་སློབ་དཔོན་མཆོག་གི་སྐུར་བསྟན་ནས། སེམས་ཅན་འཁོར་དུ་མ་འདུས་པ་རྣམས་བསྡུས། བསྡུས་པ་རྣམས་སྨིན། སྨིན་པ་རྣམས་གྲོལ། གྲོལ་བ་རྣམས་མཐར་ཕྱིན་པའི་ལམ་ལ་བཀྲི་