R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༧༡
[A:༣༧༡]འགྲེལ་མན་ངག་དང་བཅས་པའི་བདག་པོར་འགྱུར་བའི་འབད་མེད་ལྷུན་གྲུབ་ཀྱི་རྟེན་འབྲེལ་དུ་གདོན་མི་ཟ་བས་རྗེ་རྡོ་རྗེ་འཆང་ཉིད་ཀྱང་འདི་ལ་དེ་དུས་ཀ་རྟེན་འབྲེལ་དགེ་བ་ཞིག་ཡིན་ནམ་དགོངས་པ་འཁྲུངས་པ་དོན་གནས་སུ་ཤེས་ལྡན་གཟུར་གནས་ཀུན་གྱིས་མཁྱེན་གསལ་ལྟར་ལགས། ཞག་ཤས་ནས་གནས་སློབ་བཟོད་པ་བཀྲ་ཤིས་ཀྱིས། སྐུ་ཞབས་རིན་པོ་ཆེར་ཐུགས་བྲེལ་གྱི་སྟབས་གདུང་བརྒྱུད་རིན་པོ་ཆེར་སྐུ་ཡོན་ཁོ་བོས་ཞབས་འགྱུར་ཞུས་ན་གསུང་བ་བཞིན་ལ་དེ་བཞིན་གྱི་ཞལ་བཞེས་སྩལ་བས་བཞུགས་གཡབ་ཤར་དུ་སྒེར་མཆོད་གནང་སྟེ། རྟེན་ཁྲི་དེར་བརྟེན་བཅས་སྒྲོས་ལྡན་ཆུང་ངུ་དང༌། རིག་འཛིན་བླ་བརྒྱུད་སྨན་ཐང་བའི་ཕྱག་བྲིས་མ་འགྲེམས་པར་མཛད་དེ་སྔ་དྲོ་ཐུགས་གཉེར་ཕུར་སྒྲུབ་སོགས་ཁྱུག་ཙམ་གྱིས་བདེ་བླག་ཏུ་ཁོང་དུ་ཆུད། དེ་ནས་ཡབ་རྗེ་མཆོག་གིས་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་རེ་དང༌། ས་སྐྱ་བཀའ་འབུམ་ལྗགས་ལུང་ཐུན་རེ། ཕྱི་དྲོ་སྐྱོར་སྦྱངས་ཕྲན་བུ་རེ་མཛད། འདི་ཙམ་ཞིག་ལ་རེ་ཞིག་རྗེ་རྡོ་རྗེ་འཆང་ཉིད་ཨ་ལྕེ་དྲུང་ཟུང་བཅས་གནས་བཅུར་བཞུགས་སྐབས་ཤིག་རྗེ་ཉིད་ཀྱི་རྫུ་འཕྲུལ་གྱིས་སྤོས་ཀྱི་རེད་བུ་ཞིག་ཞལ་བར་བཙུགས་སྟེང་སྐུ་ལུས་ཀྱི་ལྕིད་རེང་བུར་བཀལ་ཏེ་བཞུགས་པས་སྐུ་མཆེད་ཟུང་ཧ་ལས་པར་གྱུར་བའི་ཚེ་ཅི་ཡང་མ་གསུངས་ཤིག་བཀའ་སྩལ། ཅེས་ཨ་ཎི་དྲུང་འདིའི་གསུང་ལས་ཡང་ཡང་ཐོས་སོ།། །། ༈ དགུང་གྲངས་བརྒྱད་དུ་ཕེབས་པ་མེ་འབྲུག་ལོར་ཕུར་སྒྲུབ་ཀྱི་ཐུགས་འཛིན་རྣམས་སྔོན་དུ་སོང་ནས་ཐོག་མར་ཕེབས་ཤག་མཛད་ཀྱང༌། ཡབ་རྗེ་མཆོག་ནས་ཕུར་སྒྲུབ་ཆུགས་ཉེར་སྒོ་རུམ་དུ་བརྟག་སྒྲིལ་མཛད་པས་མ་འཐོན་པ་ནི། དེ་ལོ་ལྷ་ཆེན་ཁྱམ་སྟོད་ཨག་གླེན་ནམ་ཨང་ལན་ཀ་བརྒྱད་ཀྱི་ཡ་གྱལ་གསུམ་ཉེན་གཅོང་དོགས་གནས་གང་ཡང་མེད་བཞིན་དུ་ཧོར་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་གློ་བུར་རྡིབ་གཞོམ་བྱུང་བས། ཐོག་མའི་ལ་ཉེར་དེ་ལྟར་མི་རུང་བ་འཕུར་ཤེས་མ་ཧཱ་ཀཱ་ལས་དགོངས་ཏེ་མ་གནང་བར་འཁུམས་སོ། །དེ་ཙམ་ནས་བཟུང་སྔགས་འཆང་ཆོས་