R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༧༦
[A:༣༧༦] བསྟན་སྲིད་ཇེ་མཐོར་རྒྱས་པའི་རྟེན་འབྲེལ་གྱི་དར་ཅོག་སྒྲེང་བ་སོགས་དང༌། མགོ་ཟླའི་མཇུག་ཕུར་བཟློག་སྒྲུབ་ཞག་ལྔའང་གནང་ངོ༌།། །། ༈ དགུང་གྲངས་བཅུ་གཉིས་སུ་ཕེབས་པ་ལྕགས་སྤྲེའུ་རྒྱལ་ཟླའི་ཚེས་གཅིག་ཉིན་ལྷ་མཆོད་སྔོན་འགྲོའི་སྐྱབས་མགོན་ཡབ་སྲས་སྐུ་འཁོར། །བན་ཚང་བླ་རིགས་སོགས་དང་བཅས་ཚོམས་ཆེན་དུ་དགའ་སྟོན་བཞུགས་གྲལ་སྔར་རྒྱུན་བཞིན་རྒྱ་ཆེར་སྩལ། ཚེས་གཉིས་ནས་བཟུང་རྗེ་རྡོ་རྗེ་འཆང་ཉིད་བན་ཚང་པའི་འཁོར་ཚོགས་དང་བཅས་མགོན་ཁང་ཁག་རྣམས་ཀྱི་གཏོར་སྤོད་སྐབས་ཡོངས་གྲགས་ཀྱི་ཁག་བཞིར་ལྷ་མདུང༌། རྔ་རིལ་དར་ཅོག་ཅན་ཁ་བཏགས་བཅས་བསྟན་འགྲོའི་བདེ་སྐྱིད་དར་བའི་ཐུགས་སྨོན་ཅན་གྱིས་འབུལ་བ་མཛད། ཚེས་གསུམ་ནས་ཡབ་རྗེ་རྡོ་རྗེ་འཆང་གིས་མགོན་ཁང་སྟེང་འོག །བདུད་འདུལ་ཕུག །སྐྱེད་ལྷས། བསམ་བརླིང་དུས་མཆོད་རྣམས་སུ་ཕྱི་སྒྲོམ་ནང་གཟུངས་སོགས་མ་ཚང་བ་མེད་པའི་རུ་མཚོན་འཛུགས་ཆོག །སྤྱི་བྱེ་བྲག་གི་བསྟན་པ་དར་རྒྱས་ཡུན་བརྟན་གྱི་ཕྲིན་འཆོལ་གཉེར་གཏད་སོགས་ཐུགས་བསྐྱེད་རླབས་པོ་ཆེའི་སྒོ་ནས་སྒྲུབ་འཛུགས་སྐབས་རྗེ་རྡོ་རྗེ་འཆང་ཉིད་ཀྱང་ཕེབས། དེ་ནས་ཟླ་ནང་དེའི་ཡར་ཚེས་ལ་གསེར་ཁྲི་རིན་པོ་ཆེར་མངའ་གསོལ་གོང༌། རྒྱལ་སྲས་ལམ་བཟང་གི་གསུང་བཤད་ཀྱི་དགའ་སྟོན་སྩོལ་བ་ལ་སྐུ་ནའི་སྟབས་ཐུགས་སྤོབས་སྦྱང་ཕྱིར་དུ། གནས་སློབ་བཟོད་པ་བཀྲ་ཤིས་ནས་བསྐུལ་མ་བཞིན་གཞི་ཐོག་བླ་བྲང་གི་ཤར་ཕྱོགས་ཁང་གསར་བསོད་ནམས་དཔལ་འབྱོར་གླིང་དུ། གོང་གི་སྐུ་མཆེད་འཇམ་མགོན་གཅུང་རིན་པོ་ཆེ། ཨ་ཎི་དྲུང། ཡུམ་མཆོག །རྗེ་བཙུན་དྲུང་གསུམ། གནས་སློབ་གསོལ་གཟིམ་སོགས་བཅུ་ཕྲག་བརྒལ་ཙམ་ལ་ཚོགས་ཆེན་མོར་ཇི་ལྟར་སྩོལ་བ་བཞིན་གྱི་བཤད་ལུང་ཉིན་གསུམ་མ་ཞིག་བཀའ་དྲིན་ཆེ་བ་ནི་སྐུ་ཚེ་འདི་ཉིད་དུ་ཆོས་འཆད་མཛད་པའི་སྒོ་དང་པོའི་སྐབས་སོ། །ཟླ་བ་དེའི་ཉེར་གསུམ་ཉིན་