R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༧༧
[A:༣༧༧]འཆམས་མགོན་བཅུ་དགུ་སྤྱན་འདྲེན་བཅས་དུས་མདོས་ཀྱི་ཚོགས་དབུར་ཡབ་སྲས་ཟུང་ཕེབས་ཤིང༌། ཉེར་ལྔའི་ཉིན་སྔ་བར་གྲོལ་ནས་མཉེན་ཆས་འཆམས་ལྷ་ཁང་ཆེན་མོའི་རྡོ་གཅལ་དུ་མཛད། ཉེར་བརྒྱད་ཉིན་ལས་མཁན་སྒོ་མ་རུ་འདྲེན་བཅས་ཀྱི་གར་འཆམས་རྔམ་བརྗིད་དང་ལྡན་པ་ཀུན་གྱི་ཡིད་འཕྲོག་པ་དང༌། ཉེར་དགུ་གཏོར་ཟོར་འཕངས་ནས། གནམ་གང་ལ་ཆོས་སྲུང་རྣམས་ལ་གཏང་རག་ཕྲིན་འཆོལ་ཟུང་འབྲེལ་གྱི་བསྐང་བ་བརྒྱ་ཚར་དུ་གྲགས་པ་དང༌། ཧོར་ལུགས་ཀྱི་དབང་དུ་བཏང་ན་ལྕགས་སྤྲེའུ་གསར་ཚེས་ཀྱི་སྔ་དྲོ་བསྟན་སྲུང་མགོན་པོ་མངའ་གསོལ་རྒྱས་པར་མཛད་རྗེས་གཞི་ཐོག་ཕོ་བྲང་གི་ཚོམས་ཆེན་མོར་སྐྱབས་མགོན་དམ་པ་ཡབ་སྲས་དཀོན་མཆོག་གི་གྲངས་ལྡན་གྱི་དབུ་གཡས། ཆོས་གྲྭ་ཉི་ཟླ་ཟུང་གི་བྱ་བ་ལས་ཀྱི་སྣེ་མོ་བ། མཆོད་ཡོན་རིན་པོ་ཆེ་རྣམས་ཀྱི་ལེགས་སྐྱེས་སྟོབ་མི། གཞན་ཡང་གཞིས་བྱེས་ཀྱི་སེར་སྐྱ་མཆོག་དམན་འོས་བབས་རྣམས་ལ་ལོ་གསར་གྱི་དགའ་སྟོན་གྱ་ནོམ་པར་བསྟར་ཞིང༌། ཚེས་གཉིས་གསུམ་བཞི་རྣམས་ལ་གསེར་ཁྲི་རིན་པོ་ཆེར་མངའ་གསོལ་དངོས་གཞིའི་དགའ་སྟོན་སྔ་མ་གཉིས་ཀྱི་ཚེ་ཡབ་རྗེ་མཆོག་ནས་གཞི་ཐོག་ཕོ་བྲང་གི་ཡང་སྟེང་དུ་ལྷ་བསངས་དང༌། དེ་ནས་སྔར་སྲོལ་ལྟར་བཅའ་བསྒྲིགས་སྔོན་དུ་བཏང་ནས། ཉིན་དང་པོ། ལྔ་བདོའི་མགོན་པོ་ཟས་གཙང་སྲས་པོས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་སུ་ལྷ་དབང་བརྒྱ་བྱིན་གྱིས་ཕུལ་བའི་ཆོས་དུང་རིན་པོ་ཆེ་དཀར་པོ་རྒྱང་གྲགས་ཉི་མ་རྩེ་ཤར་ལ་གསུང་བསྐུལ་གྱིས། མཁས་པ་ཟིལ་གནོན་ནམ། འཁོར་ལོ་གསུམ་ལྡན་ནམ། ཆོས་ཁྲིར་ཐང་མོ་ཆེ་སོགས་མཚན་མཆོག་གསུམ་ལྡན་གྱི་གསེར་ཁྲི་རིན་པོ་ཆེ་ག་ལ་བའི་མདུན་དུ། ཆོས་གྲྭ་རྣམ་གཉིས་ཀྱིས་གཙོས་སྡོམ་བརྩོན་སྡེ་སྣོད་འཛིན་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་གྲལ་གྱི་གཞི་བཟུང༌། སྐྱ་སེར་ཁྲི་