R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༧༨
[A:༣༧༨]ཕྲག་ལོངས་བའི་ཚོགས་ཀྱི་ཁྲོད་དུ། སྲིད་ཞིའི་གཙུག་རྒྱན་འཇམ་མགོན་མི་སྲིད་བཟུང་བ་སྐུུ་མཆེད་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང་ལྟ་བས་ཆོག་མི་ཤེས་པ་སྐུ་འཁོར་དང་བཅས་པ་རྣམས། འཕགས་པ་རྟ་ཐུལ་ལྟར་སྤྱོད་ལམ་དུལ་ཞིང༌། ཚངས་པའི་རྒྱལ་པོ་ལྟར་བློ་གྲོས་དང་ལྡན་པའི་སྒོ་ནས་ཕྱགས་ལེགས་པར་ཕེབས་ཏེ། གསེར་ཁྲི་རིན་པོ་ཆེར་སྐུ་གསུང་ཐུགས་འགྱུར་བ་མེད་པ་ལྷན་ནེ་ལྷང་ངེ་ལྷམ་མེར་ཕེབས་བསྟུན་གསུང་རབ་ཀློག་པ་མཎྜལ་འབུལ་བ་སོགས་སྔར་རྒྱུན་གྱི་ཕྱག་ལེན་བཞིན་གྲུབ་འཕྲལ། གཉིས་མེད་གསུང་བ་དོན་ཀུན་གྲུབ་ཀྱིས་རིགས་ཅན་གསུམ་ལ་ཆོས་ཀྱི་འཁོར་ལོ་བསྐོར་པའི་ཚུལ་ཇི་ལྟ་བར་རྗེ་རྡོ་རྗེ་འཆང་ཉིད་ཀྱིས། སེམས་བསྐྱེད་གསལ་འདེབས་ནས་བརྩམས་འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོས་དབུས་གཙང་ཁམས་གསུམ་དུ་ཚོགས་ཆོས་སུ་ལེགས་པར་གདམས་པའི་བསྟན་བཅོས་ཆེན་པོ་ཐུབ་པའི་དགོངས་པ་རབ་ཏུ་གསལ་བར་བྱེད་པའི་མཚན་དོན་ནས་བསམ་གཏན་གྱི་ཕར་ཕྱིན་ཡན་ཆད་ལེགས་པར་སྩལ། ཉིན་བར་མར་གོང་བཞིན་བཅའ་བསྒྲིགས་སྔོན་འགྲོའི་སྔར་གྱི་འཕྲོ་ནས་སྐུ་གསུམ་ཡེ་ཤེས་ཀྱི་རྣམ་གཞག་ཡན་ཆད། ཉིན་གསུམ་པར་སྐྱབས་མགོན་ཡབ་སྲས་གསུམ་ཆར་གོང་གི་དགེ་མཚན་དང་བཅས་ཕེབས་ཏེ། རྗེ་རྡོ་རྗེ་འཆང་ཉིད་ཀྱིས་སྔར་གྱི་འཕྲོ་ནས་མཇུག་གི་སྦྱར་བྱང་བར་ཚང་ལ་མ་ནོར་བ། ཀུན་གྱི་ཡིད་འཕྲོག་པ་གསུང་འཇམ་ཞིང་སྙན་ལ་དག་ཅིང་གསལ་བ་ཉེ་རིང་མེད་པ་ཚངས་པའི་དབྱངས་ལྟ་བུའི་སྒོ་ནས་དེར་འདུས་ཀུན་གྱི་རྣ་བའི་བདུད་རྩིར་སིམ་པ། བསྙེངས་པ་མི་མངའ་བའི་སྤོབས་པ་གཟེངས་མཐོ་བའི་ངང་ནས་སྩལ་བས་ཀུན་ཀྱང་དགའ་བདེའི་དཔལ་ལ་ལྷག་པར་སྦྱར་རོ། །དེ་ལྟར་གྱི་སྐབས་རྟེན་འབྲེལ་གྱི་ལེགས་སྐྱེས་ཕུན་སུམ་ཚོགས་པ་བསྟར་བ་ནི། རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་མཆོག་ནས་ཁྱད་དུ་མཚར་བའི་དགུ་ཚན་དགུ །ས་སྐྱོང་ཡབ་སྲས་ནས་ཀྱང་དེ་བཞིན་སོགས་མདོར་ན་གཞིས་