R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༧༩
[A:༣༧༩]བྱེས་ནས་དངོས་འབུལ་རྨུགས་འཛིན་དབང་པོའི་གན་མཛོད་ཞལ་དབྱེ་བར་ཅོ་འདྲི་བ་དང༌། དགེ་འདུན་པ་སྐྱེ་བོའི་ཚོགས་དང་བཅས་པ་ལ་མང་ཇ་གདན་ནོན་སྦྱིན་འགྱེད་སྟོབ་པ་སོགས་དང༌། གདན་ས་ཆེན་པོའི་རྟེན་ཁྱད་མཚར་རྣམས་ལ་མཆོད་པ་སྙན་ཤལ་སྤྱན་གཟིགས། གཞན་ཡང་ཟུར་འབུལ་གྱི་རྣམ་གཞག་དགོས་པ་རྣམས་ལའང་དེ་བཞིན་བཅས་མཛད་ཅིང༌། བརྒྱ་དཔོན་ནས་མོལ་གཏམ་ཕུལ་གྲུབ་རྗེས་ཡབ་རྗེ་ཆོས་ཀྱི་རྒྱལ་པོས། གང་གི་རིགས་སྲས་དམ་པ་སྐུ་མཆེད་ཟུང་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བའི་ལེགས་ཚོགས་ཀྱིས་མཚོན་བདག་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་ཆབ་མི་འཚལ་བའི་ཕྱིར། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། ཅི་སྟེ་མཚན་མ་མེད་ན་དེ་ནི་བསྔོ་བ་ཡིན། །ཞེས་གསུངས་པ་ལྟར། འཁོར་གསུམ་ཡོངས་སུ་དག་པའི་གསུང་བསྔོའི་རྒྱས་བཏབ་རྗེས་ཡབ་རྗེ་ཉིད་རྗེ་རྡོ་རྗེ་འཆང་སྐུ་མཆེད་ཀྱི་སྐུ་མདུན་དུ་ཞལ་བྱང་གཟིགས་ཀྱིས་བཞེངས་ནས་འཇམ་མགོན་སྐུ་མཆེད་ལ། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་བཀྲ་ཤིས་པའི་རྫས་བརྒྱད་སོགས་ཀྱིས་མངའ་དབུལ་སྨིན་རྒྱས་དཔོན་སློབ་ལྷན་རྒྱས་ནས་གནང་བའི་ཤིས་བརྗོད། རྒྱལ་མཚན་རྩེ་མོ་ནས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག་གི་བར་བན་ཚང་དབུ་བྱེད་ཆེ་བས་ཇེང་དྲངས། ཚོགས་པ་བྱིངས་བཅས་ནས་འབྲུག་སྟོང་དུས་གཅིག་ལ་ལྡིར་བ་ལྟ་བུའི་གསུང་གདངས་ཀྱིས་མཐའ་བརྒྱན་པར་མཛད་དེ། འཇམ་མགོན་སྐུ་མཆེད་གང་གི་རྒྱལ་ཚབ་ཏུ་མངའ་གསོལ་ལེགས་བྱས་ཀྱི་རྟེན་འབྲེལ་དགེ་བས་མཚོན་འཛམ་གླིང་ན་སྒྲུན་ཟླ་དང་བྲལ་བར་མཁས་གྲུབ་གཟུར་གནས་དུ་མས་བསྔགས་པའི་རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་སྲིད་མཐའི་བར་དུ་བྱོན་ནས་གསེར་ཁྲི་རིན་པོ་ཆེར་མངའ་གསོལ་གྱི་རྟེན་འབྲེལ་འབད་མེད་ལྷུན་གྱིས་གྲུབ་པའི་དགེ་མཚན་སྲིད་ན་གསལ་བ་ནི་ནམ་མཁའི་ཁམས་ཤིན་ཏུ་དྭངས་