R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༠༨
[A:༣༠༨]བར་མཛད་པ་པོ། དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། ཞེས་པའི་མཚན་སྙན་སུ་ཞིག་གི་དད་པའི་ཡིད་མཚོར་ཤར་བ་ཙམ་གྱིས་བྱིན་རླབས་ཀྱི་ཆུ་བྱ་དབང་མེད་དུ་འཁོར་ནུས་ན། སྐུ་ཆེ་བའི་ཡོན་ཏན་རྣམས་ཀྱི་འཇིང་ནས་མུ་ཏོ་བ་བདག་གི་བློ་གྲོས་ཀྱིས་ཇི་ནུས་སུ་གང་ཟིན་ལེན་པ་འདི་ཉིད་ནི། སྐལ་བཟང་གི་དཔལ་ལ་ལྷག་པར་ལོངས་སྤྱོད་པའི་དགའ་སྤྲོ་ཕན་ཚུན་འགྲན་པའི་རྣམ་འགྱུར་བརྒྱ་ཕྲག་གཡོ་བཞིན་དུ་འཆད་པར་བྱེད་པ་ལ། རྒྱལ་སྲས་ཤཱནྟ་དེ་ཝས། སྔོན་ཆད་མ་བྱུང་བ་ནི་འདིར་བརྗོད་མིན། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད། །རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །དགེ་བར་གོམས་ཕྱིར་བདག་གི་དད་པའི་ཤུགས། །འདི་དག་གིས་ཀྱང་རེ་ཞིག་འཕེལ་འགྱུར་ལ། །བདག་དང་སྐལ་བ་མཉམ་པ་གཞན་གྱི་ཀྱང༌། །ཅི་སྟེ་འདི་དག་མཐོང་ན་དོན་ཡོད་འགྱུར། །ཞེས་གསུངས་པ་ལྟར་གྱི་རྗེས་སུ་ཞུགས་ནས་འཆད་པ་སྐབས་སུ་བབ་པ་ཡིན་ལ། དེ་ལ་རྡོ་རྗེ་སློབ་དཔོན་སོགས་དམ་པ་རྣམས་ཀྱི་ཡོན་ཏན་ལ་བསྔགས་པའི་ཕན་ཡོན་དང༌། ཕན་ཡོན་ཅན་གྱི་རྟོགས་པ་བརྗོད་པ་གཉིས་ཀྱི་སྒོ་ནས་བསྙད་པར་བྱ་བ་སྟེ། དང་པོ་ནི་མདོ་ལས། འདི་ལྟར་འཇིག་རྟེན་ན་རིགས་ཐམས་ཅད་ཀྱི་བླ་མར་གྱུར་པ་ཤཱཀྱ་རྣམས་ཀྱི་སྐྱེས་པའི་རབས་བཟུང་ཞིང་ཀུན་ཆུབ་པར་བྱས་ནས། གཞན་ལ་ཡང་རྒྱ་ཆེར་བསྙད་ན། ཆོས་དང་མཐུན་པའི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འབྱུང་ལ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཕེལ་བར་བྱེད་པ་ཡིན་ནོ། །ཞེས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གངྒཱའི་རླུང་གི་བྱེ་མ་སྙེད་ལ། བསྐལ་པ་གངྒཱའི་རླུང་གི་བྱེ་མ་སྙེད་དུ་བསྙེན་བཀུར་བ་བས་ནི། རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་ལ་ཏིལ་མར་གྱིས་བྱུགས་པ་ཆེས་ཁྱད་པར་དུ་འཕགས་སོ། །