R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༨༥
[A:༣༨༥]རྒྱ་ཆེ་བའི་ཆོས་ཚུལ་མཐའ་ཡས་པ་ཞིག་བཞེས་ཏེ། དུས་ཕྱིས་གསན་པ་རྒྱ་མཚོའི་མཐར་སོན་པའི་དཔེ་གཅིག་པུར་འོས་པར་མཛད་པའི་ཚུལ་རྣམས་ནི་ཧ་ཅང་མང་ཆེས་པས་འདིར་མ་སྤྲོས་པས་རྗེ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་གསན་ཡིག་རིན་པོ་ཆེ་པོད་ཆེན་གཉིས་ཀྱི་སྟེང་ནས་ཤེས་པར་བྱ་བའི་དབང་དུ་ཞུས་ནས། གཉིས་པ་རྩོམ་པ་མཛད་པའི་ཚུལ་ནི། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་ཏེ། །དེ་ཡིས་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་དང༌། རྒྱུད་བླ་མར། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང༌། །ཞེས་གསུངས་པ་ལྟར་གྱི་བརྗོད་དོན་དང་ལྡན་ཞིང༌། དཔྱད་གསུམ་རྣམ་པར་དག་པའི་བསྟན་བཅོས་ཚར་དུ་དངར་བ་རྣམས་ཀྱི་ནང་ནས་རགས་པ་ཙམ་ཞིག་བརྗོད་ན་འདི་ལྟ་སྟེ། གསོལ་འདེབས་བརྒྱུད་བདེབས་དངོས་དང་ཞལ་སྐོང་སྐོར། ༡༽ གདུང་རབས་ལ་སོགས་རྣམ་ཐར་བསྒྲིགས་རྩོམ་སྐོར། ༢༽ སྒྲུབ་དཀྱིལ་བསྒྲིགས་ཆགས་བསྙེན་ཐབས་སྦྱིན་སྲེག་སྐོར། ༣༽ དཀར་ཆག་བཅའ་ཡིག་དེབས་དང་དཔྱད་ཁྲའི་སྐོར། ༤༽ བསྐང་མདོས་ཕྲིན་བཅོལ་གཏོར་བཟློག་རུ་མཚོན་སྐོར། ༥༽ དྲིལ་ལན་སོགས་སྣ་ཚོགས་པའི་སྐོར། ༦༽ དང་དྲུག་ལས་ དང་པོ་ནི། ཡབ་རྗེ་རྡོ་རྗེ་འཆང་ལ་གསོལ་འདེབས་ཡོན་ཏན་རིན་ཆེན་འབྱུང་གནས་སོགས་ཚོ་བཞི། རྗེ་བཙུན་ཀུན་དགའ་བསྟན་པའི་ཉི་མར་གཅིག །ས་སྐྱ་པའི་གདུང་རབས་གསོལ་འདེབས་དོན་གཉིས་ལྷུན་གྲུབ་པ་མ་བསམ་པ་ལྷུན་གྲུབ་ཞལ་སྐོང༌། དུས་མཆོད་བླ་བྲང་གདུང་རབས་གསོལ་འདེབས། རིན་སྒང་གདུང་རབས་གཙོ་བསྡུས་གསོལ་འདེབས། ཀུན་དགའ་དོན་གསལ་གྱི་ངོར་མཛད་གདུང་རབས་