R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༠༢
[A:༡༠༢]བརྟན། དབོན་སྟོད་ཆོས་རྗེ་བསོད་ནམས་སེང་གེ་སོགས་ལས་ཀྱང་ཆོས་འབྲེལ་རེ་ཙམ་གསན་པ་ཡིན་ནོ། །རྒྱ་མཚོའི་གཏིང་དང་ཀུན་གསལ་གྱི། །མཐའ་བཞིན་ཁྱོད་ཀྱི་ཡོན་ཏན་ནི། །དཔག་ནུས་མིན་པའི་གྲགས་པ་ཡིས། །སྲིད་ཞིའི་སྒྲ་གཞན་ཟིལ་གྱིས་མནན། །དེ་ཚེ་རྣམ་ཐོས་བུའི་འབྱོར་པར། །འགྲན་པའི་སྡེ་བཞི་དགེ་བཅུ་ཡིས། །མངོན་པར་སྒེག་པའི་རྒྱལ་ཁབ་ནས། །མི་བདག་ས་ཡི་ཚངས་པ་དེས། །ཆོས་ཀྱི་དབང་ཕྱུག་སྤྱན་འདྲེན་པའི། །ཕོ་ཉའི་ཚོགས་རྣམས་ལྷགས་པ་དང༌། །ལྷན་ཅིག་འབྱོན་པར་བསྐུལ་བ་ནི། །དྲི་ཟའི་རྒྱུད་མངས་ལྟ་བུར་སྙན། །ཚ་བས་ཉེན་པར་བསིལ་ཡབ་དང༌། །འདོད་ལྡན་ཚོགས་ལ་ནོར་ཇི་བཞིན། །རྒྱལ་དང་རྒྱལ་བའི་སྲས་པོ་རྣམས། །གཞན་གྱི་དོན་ལ་ཤིན་ཏུ་དགྱེས། །དེ་སླད་ངལ་དང་རང་དོན་ནི། །བཞི་མདོའི་རྩྭ་བཞིན་ཁྱད་བསད་ནས། །པདྨའི་མཚོ་ལ་ངང་མོ་ལྟར། །རྒྱལ་པོའི་ཕོ་བྲང་དམ་པར་གཤེགས། །ཡིད་འཕྲོག་ལྷ་ཡི་རྫས་རྣམས་ཀྱང༌། །སྐྱེངས་བྱེད་མཆོད་པ་སྣ་ཚོགས་དང༌། །བཅས་ཏེ་ཆོས་ཀྱི་ཁྲི་འཕང་རྩེར། །ལྷ་མིའི་མགོན་དུ་མངའ་རབ་གསོལ། །དེ་ནས་ཆོས་ཀྱི་མེ་ཆེན་པོས། །འཁོར་བའི་བུད་ཤིང་ཚོགས་བསྲེགས་ཤིང༌། །ཐར་པ་མཆོག་གི་ལམ་བཟང་ནི། །ཉིན་བཞིན་ཀུན་ཏུ་གསལ་བར་བྱས། །ཁྱོད་ནི་རིས་སུ་མེད་པ་ཡི། །བསྟན་པའི་སྲོག་ཤིང་གཅིག་པུ་སྟེ། །མཐའ་ཀླས་ལུས་ཅན་ཐམས་ཅད་ཀྱི། །ཕན་བདེའི་རྩ་ལག་དམ་པར་གྱུར། །ཐོས་བསམ་སྒོམ་པའི་གཟིངས་ཆེན་གྱིས། །ཤེས་བྱའི་རྒྱ་མཚོ་བརྒལ་ཟིན་ཀྱང༌། །ད་དུང་ཀློག་དང་སྤོང་བ་ལ། །བུང་བས་སྦྲང་རྩི་ལེན་བཞིན་འཇུག། །།གསུམ་པ་འབྲེལ་ཚད་དོན་དང་ལྡན་པའི་ཆེད་དུ་དབུས་གཙང་དག་པའི་ཞིང་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་རྣམ་དཀར་གྱི་ཕྲིན་ལས་ཇི་ལྟར་མཛད་པའི་ཚུལ་ནི། སྤྱིར་ཆོས་རྗེ་འདི་ནི་མཁྱེན་བརྩེ་ནུས་གསུམ་སོགས་ཀྱི་