R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༠༣
[A:༡༠༣]ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པས། སྐྱེ་བོ་རྟོག་དཔྱོད་ཅན་རྣམས་ཀྱིས་ཉིན་རེ་བཞིན་དུ་བརྟགས་ཀྱང༌། དེའི་ཡོན་ཏན་གྱི་ཚོགས་ནི་ཇེ་ཆེ་ཇེ་ཆེར་གྱུར་པ་ལས། ནམ་ཡང་མཐའ་རྟོགས་པར་མི་ནུས་པ་ཞིག་སྟེ། དེ་ལ་བརྟེན་ནས་བོད་ཆེན་པོའི་ལྗོངས་ཀྱི་སྐྱེ་འགྲོ་ཐམས་ཅད་ཀྱི་གཙུག་གི་ནོར་བུས་བཏུད་ཅིང༌། རང་རང་གི་བདོག་པའི་དངོས་པོ་རྣམས་ཕངས་པ་མེད་པར་རྗེ་འདིའི་ཕྱག་ཏུ་གཏོང་བ་སོགས་ལོངས་སྤྱོད་ཀྱི་འབུལ་བ་ཤིན་ཏུ་རྒྱ་ཆེ་བ་བྱུང་ཡང༌། རང་དོན་དུ་མངོན་པར་ཞེན་པ་ཅུང་ཟད་ཀྱང་མི་མངའ་སྟེ། གཅིག་ལ་དཔེར་མཚོན་ན། སྐབས་ཤིག་ཟ་འོག་གི་གོས་ཆེན་གྱ་ནོམ་པ་འགའ་ཞིག་འབྱོར་བར། ཞབས་འབྲིང་བ་རྣམས་ཀྱིས་འདི་ལ་ན་བཟའ་ཞིག་བཟོས་ན་ལེགས་ཚུལ་ནན་གྱིས་ཞུས་པར། རྗེ་འདིའི་ཞལ་ནས། རང་རེའི་ནོར་འདི་གཤིན་གསོན་གྱི་དད་རྫས་ཤ་སྟག་ཡིན་པས། ཧབ་ཐོབ་ཏུ་ལོངས་སྤྱད་མི་རུང༌། དེས་ན་འདི་ལ་ཐོག་མར་དཀོན་མཆོག་གི་རྟེན་གྱི་དྲུང་དུ་མཆོད་པའི་ཡོ་བྱད་གང་ཐོན་ཞིག་བགྱིས་ཏེ། དེའི་ལྷག་འཕྲོ་ཕྲན་བུ་བྱུང་ཚེ་གོས་འདྲ་བཅོས་ན་ལས། དེ་མིན་ལོངས་སྤྱད་ཆོག་རྒྱུ་མིན་གསུངས་ནས་མཆོད་པའི་ཡོ་བྱད་བཟོས་པ་སོགས་རང་དོན་དུ་ཏིལ་འབྲུ་ཙམ་ཡང་མི་འཛིན། དེར་མ་ཟད་རང་ཉིད་བཟང་པོར་བསྒྲུབ་པའི་ཆེད་དུ་དགོས་མེད་ཀྱི་ཐབས་སྐྱོང་དང༌། རྙེད་པས་རྙེད་པ་ཚོལ་བ་དང༌། རབ་ཏུ་བྱུང་བའི་ཡོ་བྱད་ཀྱིས་ཁྱིམ་པ་རྣམས་ཀྱི་སེམས་འཛིན་པ་ལ་སོགས་པ་ལོག་པའི་འཚོ་བ་དང༌། མ་དག་པའི་སྦྱིན་པས་རང་གཞན་ཐམས་ཅད་ཉེས་དམིགས་ཆེན་པོར་སྦྱོར་བའི་སྐྱེ་བོ་ངན་པའི་སྤྱོད་ཚུལ་མཐའ་དག་རྒྱང་རིང་དུ་དོར་བར་མཛད་དེ། དཔེར་མཚོན་ན། སྐབས་འགར་ཆོས་རྒྱལ་ཆེན་པོ་སྲས་ཡུམ་རྣམས་རྗེ་འདིའི་བཞུགས་གནས་ཕན་གླིང་བླ་བྲང་དུ་བཀའ་ཆོས་ཞུ་བར་ཕེབས་པའི་ཚེ། ཐམས་ཅད་ཀྱིས་གསོལ་ཇ་རེ་དང༌། བཞེས་