[A:༡༡]ན་རྣམ་པར་སྣང་མཛད་གང་ཆེན་མཚོའི་ཕྱག་མཐིལ་གྱི་རྡུལ་ཕྲ་རབ་ལ་གནས་པའི་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་ཞིང་ཁམས་ཀྱི་ནང་གསེས། སྟོང་གསུམ་གྱི་སྟོང་ཆེན་པོ་མི་མཇེད་འཇིག་རྟེན་གྱི་ཁམས་ཞེས་གྲགས་པའི་བྱེ་བྲག་དབུས་ཀྱི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལས། ལྷོ་ཕྱོགས་འཛམ་བུའི་གླིང་ཞེས་ཡོངས་སུ་གྲགས་པའི་ཞིང་འདིར། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་ངམ་སྟོང་དང་ལྔ་བྱོན་ནས་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་པར་གསུངས་པ་ལས། རྩོད་པའི་དུས་འདིར་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་འདྲེན་བཞི་པ་ཟས་གཙང་སྲས་ཀྱིས་ཡུལ་མ་ག་དྷའི་བྱང་ཆུབ་ལྗོན་པའི་དྲུང་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་བསྟན་ནས། གདུལ་བྱ་རྣམས་ཀྱི་ཁམས་དང༌། བསམ་པ་དང༌། བག་ལ་ཉལ་དང་རྗེས་སུ་མཐུན་པར་དམ་པའི་ཆོས་ཀྱི་འཁོར་ལོ་མ་ལུས་པ་རྫོགས་པར་བསྐོར་ཏེ། སྲིད་པའི་རྒྱ་མཚོ་ཆེན་པོ་ཡང་ཟད་པའི་མཐའ་མངོན་པ་སྙམ་ཅན་དུ་མཛད་པ་སོགས་མདོར་ན་མཛད་པ་རྣམ་པ་བཅུ་གཉིས་ཀྱི་སྒོ་ནས། འཇིག་རྟེན་གསུམ་པོ་མཐའ་དག་བླ་ན་མེད་པའི་འབྱོར་པ་ཕུན་སུམ་ཚོགས་པའི་ཁུར་གྱིས་ཡོངས་སུ་ལྕི་བར་མཛད་དོ། །དེའི་རྗེས་སུ་སྡུད་པ་པོ་རྣམས་ཀྱིས་བདེ་བར་གཤེགས་པ་དེའི་བཀའ་ཐམས་ཅད་ལེགས་པར་བསྡུ་བ་དང་པོ་དང༌། གཉིས་པ་དང༌། གསུམ་པ་ལ་སོགས་པའི་སྒོ་ནས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ནུབ་པ་མེད་པའི་བདག་ཉིད་ཅན་དུ་བྱས་སོ། །དེ་ནས་ཀྱང་མཁས་པའི་ཅོད་པན། གྲུབ་པའི་གཙུག་རྒྱན་དུ་གྱུར་པ་བསམ་གྱིས་མི་ཁྱབ་པ་བྱོན་ནས་ཐོས་བསམ་སྒོམ་གསུམ་དང༌། འཆད་རྩོད་རྩོམ་གསུམ་ལ་སོགས་