R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༡༤
[A:༡༡༤]ཀྱི་གཙོས་པའི་བཀའ་ཆོས་ཕལ་ཆེ་བ་བུམ་པ་གང་བྱོའི་ཚུལ་དུ་སྩལ་བར་མཛད་དོ། །དོན་འདི་ལ་བརྟེན་ནས་རིགས་ལྡན་ཆོས་རྒྱལ་མཆོག་གིས་མཛད་པའི་གསོལ་འདེབས་ལས་ཀྱང༌། དགའ་ལྡན་གནས་ནས་ཐུབ་པས་མ་ཕམ་མགོན། །རྒྱལ་ཚབ་བཀོད་པ་ཇི་བཞིན་རིགས་ཀྱི་དབོན། །ཟུང་ལ་མདོ་རྒྱུད་ཆོས་ཀྱི་བསྟན་པ་གཏད། །ཉིད་དང་རྟོགས་པ་མཉམ་པར་མཛད་ལ་འདུད། །ཅེས་གསུངས་པར་མཛད་དོ། །གསེར་འགྱུར་རྩི་ཡི་ཐབས་མཁས་ཀྱིས། །ལྕགས་རྣམས་གསེར་དུ་བསྒྱུར་བ་བཞིན། །སྡུག་བསྔལ་སྐྱེད་བྱེད་སྒྱུ་མའི་ནོར། །བསོད་ནམས་ཕུང་པོར་བསྒྲུབ་པའི་སླད། །བརྩོན་འགྲུས་ཤིང་རྟ་ལ་ཆིབས་ནས། །དབུས་གཙང་དག་པའི་མཁར་བགྲོད་དེ། །སྣ་ཚོགས་མཆོད་པའི་འོད་ཟེར་གྱིས། །ཡངས་པའི་ལྗོངས་འདི་དོག་པོར་བྱས། །དེ་ཚེ་འབྲེལ་ཚད་ཐམས་ཅད་ཀྱི། །ཚོགས་གཉིས་པད་ཚལ་རྒྱས་པ་དང༌། །ལྷན་ཅིག་མུ་མེད་འཁོར་བ་ཡང༌། །མཐའ་དང་ལྡན་པའི་གོ་སར་བཀོད། །དཔག་བསམ་ལྗོན་དང་འདྲེན་པ་ཁྱོད། །འདོད་དགུ་ཡོངས་སུ་སྦྱིན་པ་སྟེ། །དེ་ནི་བེམས་པོའི་རང་བཞིན་དང༌། །མགོན་ཁྱོད་མཁྱེན་པའི་བདག་ཉིད་ཅན། །གང་གི་ཐུགས་སྲས་ཟུང་དག་ལ། །ཆོས་ཀྱི་བདུད་རྩི་རབ་སྩལ་ཏེ། །ལྷར་བཅས་འཇིག་རྟེན་ཐམས་ཅད་ཀྱི། །མཆོད་སྡོང་བླ་ན་མེད་པར་བསྒྲུབས།། །།བཞི་པ་སླར་ཡང་བོད་ཆེན་པོའི་ལྗོངས་སུ་བྱོན་ནས་འགྲོ་དོན་ཇི་ལྟར་མཛད་པའི་ཚུལ་ནི། དེ་ནས་མེ་མོ་ཡོས་ཀྱི་ལོར་མདོ་ཁམས་སྡེ་དགེའི་རྒྱལ་ཁབ་ནས། ཆོས་རྒྱལ་ཆེན་པོ་ཚེ་དབང་རྡོ་རྗེ་རིག་འཛིན་པས་རྗེ་འདི་སྤྱན་འདྲེན་པར་ཨུ་ཚེ་ཚེ་རིང་དར་རྒྱས་དཔོན་འཁོར་རྣམས་ཆེད་དུ་བཏང་བ་བཞིན། ཁོང་རྣམས་ཀྱང་བར་ཆད་མེད་པར་འདིར་འབྱོར་ཏེ། ཁམས་ཕྱོགས་སུ་ཕེབས་དགོས་པའི་ཞུ་བ་ནན་ཏན་གྱི་སྙིང་པོར་བགྱིས་ཏེ་ཕུལ་བ་སོགས་གང་