[A:༡༡༥]ཅིར་མི་འབྱོན་ཐབས་མེད་དུ་གྱུར་པར་བརྟེན། སླར་ཡང་དཔལ་ལྡན་ས་སྐྱར་སྐོར་ཙམ་བྱོན་ཏེ། བདག་ཆེན་འཇམ་པའི་དབྱངས་ཡབ་སྲས་རྣམས་ཀྱི་གསེར་ཞལ་མཇལ་བ་སོགས་ཞིབ་པར་མཛད་ནས་ངོར་དུ་བྱོན། ཕེབས་ཆས་ཀྱི་སྐོར་རྣམས་ཉེར་བསྡོགས་མཛད་པ་དང༌། དཀོན་མཆོག་ལ་མཆོད་འབུལ་དང༌། ཆོས་སྲུང་ལ་སྐོང་ཕྲིན་དང༌། ལྷ་བསང་སོགས་མཛད་པ་དང༌། གཞན་ཡང་ཆོས་དང་ཟང་ཟིང་གི་གནང་ཆ་དང༌། ལུགས་གཉིས་ཀྱི་ཞལ་ཏ་སོགས་གང་ལ་གང་དགོས་རྣམས་སྩལ་ཏེ། དགུང་ལོ་ཞེ་བཞིར་སོན་པ་རྣམ་བྱུང་གི་ལོའི་ཧོར་ཟླ་དྲུག་པའི་ཚེས་གསུམ་གྱི་ཉིན་དཔལ་ཨེ་ཝྃ་ཆོས་ལྡན་ནས་ཆིབས་སྐྱེལ་གྱི་ཚོགས་རྒྱ་ཆེ་བ་དང་བཅས་ཏེ་ཆིབས་བཏེག །བཀྲིས་ལྷུན་དུ་པཎ་ཆེན་ཐམས་ཅད་མཁྱེན་པར་མཇལ་ཕྱག་ཞུ་བ་སོགས་ཞིབ་པར་མཛད། དེ་སྐབས་མགུལ་ཆམ་ལྟ་བུས་སྐུ་ཁམས་མ་བདེ་བ་ཕྲན་བུ་ཞིག་བྱུང་བ། རིམ་གྱིས་བསྙུན་ཚབས་ཇེ་ལྕིར་སོང་སྟེ་འུ་ཡུག་ཏུ་ཟླ་བ་གཅིག་ཙམ་འགོར། དེ་ནས་བསྙུན་གདངས་ཏེ་ལྷ་ལྡན་དུ་བྱོན། རྒྱལ་དབང་ཐམས་ཅད་མཁྱེན་པ་ལུང་རྟོགས་རྒྱ་མཚོ་དང༌། མཚུངས་བྲལ་སྲིད་སྐྱོང་རིན་པོ་ཆེ་སོགས་སུ་མཇལ་ཕྱག་ཞུ་བ་སོགས་མཛད། དེ་སྐབས་དོས་གཏོང་ཉེས་ལྟ་བུས་མི་སེར་རྣམས་དང༌། ཨུ་ཚེ་ཚེ་རིང་དར་རྒྱས་གཉིས་ཟློས་གཞི་ཅུང་ཟད་བྱུང་བའི་རྐྱེན་གྱིས་ཟླ་གཅིག་ཙམ་ཐོགས། དེ་ནས་རིམ་གྱིས་བྱོན་ཏེ་ནག་ཆུར་ཕེབས་པ་ན། བར་ཆད་ཀྱི་རྣམ་པས་ཁ་ཆར་དྲག་པོ་ཉིན་གྲངས་མང་པོའི་བར་དུ་རྒྱུན་ཆད་མེད་པར་ཉིན་མཚན་སྦྲེལ་ཏེ་བབས་པ་དང༌། རྗེ་འདིའང་ཞབས་འབམ་ལྟ་བུའི་བསྙུན་གཞི་ཚབས་ཆེན་ཞིག་གིས་སྐུ་ལྟེམ་པར་བརྟེན། དེར་ཡང་ཟླ་བ་གཉིས་ཙམ་འགོར། ཁ་ཆར་གྱིས་མི་ཟོག་ཁ་ཤས་ལྔ་པའི་ལམ་དུ་གྱུར། གཞན་རྣམས་གྲང་རེག་གིས་ཁ་ཟས་ཟ་བ་ཙམ་ཡང་མི་འོང་བ་ལ། རྗེ་འདི་ནི་བསྐལ་པ་དཔག་ཏུ་མེད་པ་