R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༢
[A:༡༢]པའི་སྒོ་ནས་ལྷ་དང་ཀླུ་ལ་སོགས་པའི་གནས་འགའ་ཞིག་དང༌། རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་དར་བར་མཛད་པ་ཡིན་ནོ། དེ་ནས་དུས་རེ་ཞིག་ན་དེ་བཞིན་གཤེགས་པས་ལུང་བསྟན་པའི་གནས། སྟོན་ཀའི་ཟླ་བ་ཞུ་བའི་ཚོན་གྱིས་ལན་བརྒྱར་བྱུགས་པ་ལ་ཅོ་འདྲི་བའི་གངས་རིའི་ཕྲེང་བས་ཡོངས་སུ་བསྐོར་བའི་ལྗོངས། ཆུ་གཙང་ཞིང་བསིལ་བའི་རྒྱུན་དུ་མ་འབབས་པས་ཉེ་བར་བརྒྱན་པ། འཕགས་པ་འཇིག་རྟེན་དབང་ཕྱུག་གིས་བྱིན་གྱིས་བརླབས་པས་སྐྱེ་དགུ་རྣམས་ཀྱང་རང་བཞིན་གྱིས་སྙིང་རྗེ་ཆེ་ཞིང༌། བློ་རྒྱ་ཆེན་པོ་ལ་མོས་པར་གྱུར་པའི་ཁ་བ་ཅན་གྱི་ལྗོངས་འདིར་སྤྲུལ་པའི་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནས་ལྔ་རིག་པའི་པཎྜི་ཏ་དང༌། གྲུབ་པའི་སྐྱེས་བུ་དུ་མ་སྤྱན་དྲངས་ཏེ་དམ་པའི་ཆོས་ཀྱི་དབུ་བརྙེས། སྲོལ་བཏོད། དར་ཞིང་རྒྱས་པར་མཛད་དེ། མདོར་ན་བོད་མུན་པའི་གླིང་དུ་ཆོས་ཀྱི་སྒྲོན་མེ་ཆེན་པོ་སྦར་བར་མཛད་དོ། །དེ་ནས་དུས་རིང་ཞིག་ལོན་པ་ན་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་དུ་མེད་པའི་མ་རྟོགས་པ་དང༌། ལོག་པར་རྟོག་པས་བསིལ་ལྡན་གྱི་ལྗོངས་ཕལ་ཆེར་ཁྱབ་པར་གྱུར་པ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་སྒྱུར་བྱེད་ཀྱི་དམ་པ་གྱུར་པ་ལོ་ཆེན་རིན་ཆེན་བཟང་པོ་དང༌། ནག་ཚོ་ཚུལ་ཁྲིམས་རྒྱལ་བ་དང༌། བླ་མ་ཆེན་པོའི་ཤཱཀྱ་ཡེ་ཤེས་དང༌། འགོས་ལྷས་བཙས་ལ་སོགས་པ་མང་དུ་བྱོན་ནས་དམ་པའི་ཆོས་ཀྱི་སྒོ་དུ་མ་བསྒྱུར་ཞིང་གཏན་ལ་ཕབ་པའི་སྒོ་ནས་འགྲོ་བ་རྣམས་ཡང་དག་པའི་ལམ་ལ་འགོད་པར་མཛད་དོ། །དེའི་རྗེས་སུ་ཡང་བོད་གངས་ཅན་གྱི་སྐྱེ་དགུ་རྣམས་ཀྱི་མགོན་དང༌། སྐྱབས་དང༌། དཔུང་གཉེན་དམ་པར་དེ་བཞིན་གཤེགས་པ་རྣམས་བསམ་བཞིན་དུ་སྐུའི་སྐྱེ་བ་བཞེས་པ་ས་སྐྱ་པ་ཞེས་གནས་ལས་མཚན་དུ་གྲགས་པའི་རྗེ་