R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༢༣
[A:༡༢༣]ཆོས་ཕལ་ཆེ་བ་ལན་གྲངས་མང་པོའི་བར་དུ་སྩལ་བར་མཛད་ཅིང༌། དེ་དག་ཀྱང་ཐུགས་བྲེལ་སོགས་ཅི་ལ་ཐུག་རུང་སླ་ཆོས་སོགས་སུ་གཏན་ནས་མ་སོང་བར་མཛད་པ་དང༌། ཇི་ལྟར་གསུངས་པའི་ཆོས་དེའང༌། ཚིག་གི་ཚོགས་གཞན་གྱིས་བཟུང་བདེ་ཞིང་རྣ་བར་སྙན་པ་དང༌། དོན་གྱི་མདོ་ཟབ་ཅིང་ངེས་པའི་དོན་ལ་འབབ་པ་དང༌། ཚིག་དོན་གཉིས་ཀ་འབྲེལ་ཆགས་ཤིང་རྟོགས་པར་སླ་བ་སོགས་འཆད་པ་པོའི་ཡོན་ཏན་ཐམས་ཅད་ཚང་བས། མཁས་རྨོངས་ཀུན་གྱི་སྙིང་ལ་འབབ་ཅིང་ཡིད་འཕྲོག་པ་ཞིག་གོ །གཞན་ཡང་རྩོད་པའི་སྒོ་ནས་ཕས་རྒོལ་ཚར་བཅད་པ་དང༌། ཕྱོགས་སྔ་ངོས་བཟུང་ནས་དེ་དགག་པའི་བསྟན་བཅོས་མཛད་པ་སོགས་ནི་མི་སྣང་ཡང༌། རྒྱུན་པར་ཆོས་ཀྱི་འབེལ་གཏམ་མཛད་པའི་ཚེ་འདི་རྣམས་ནི་འཐད་ལ། འདི་དག་ནི་མི་འཐད་པའོ་ཞེས་རྒྱུ་མཚན་དང་བཅས་པ་གསུངས་ནས། སྐྱེ་བོ་རྣམས་ཀྱི་མ་རྟོགས་པ་དང༌། ལོགས་པར་རྟོགས་དང༌། སོམ་ཉིའི་མདུད་པ་ཐམས་ཅད་ཡོངས་སུ་གྲོལ་བར་མཛད་པའི་སྒོ་ནས་ཀྱང་བསྟན་པ་ལ་བྱ་བ་བྱས་པ་ཡིན་ནོ། །གསུང་རྩོམ་ནི་རྗེ་རང་གི་ཞལ་ནས་ཀྱང༌། སྤྱིར་མདོ་རྒྱུད་ལ་སྦྱངས་པ་སྔོན་དུ་སོང་ནས་སངས་རྒྱས་ཀྱི་བསྟན་པ་འབའ་ཞིག་ཡིད་ལ་བསམས་ནས་རྩོམ་པ་ནི་ལེགས་མོད། དེ་མིན་རྨོངས་པ་རྣམས་ཀྱི་རྩམ་རྩོམ་མང་པོ་འདིས། བདེ་བར་གཤེགས་པའི་བཀའ་ཚད་མ་དང༌། རྡོ་རྗེ་སློབ་དཔོན་གྱི་མན་ངག་ཚད་མ་ཐམས་ཅད་འཆལ་དུ་འཇུག་པ་ཡིན། ངེད་ཀྱིས་ཀྱང་ཆུང་ངུའི་དུས་རྩོམ་པ་འདྲ་ཁ་ཤས་ཡོད་རུང༌། ཕྱིས་སུ་ཐམས་ཅད་མེད་པར་བྱས་པ་ཡིན་གསུངས་ཤིང༌། དེང་སང་ནི་གསོལ་འདེབས་ཀྱི་སྐོར་རེ་གཉིས་དང༌། ཨེ་ཝྃ་པའི་སྐོང་གསོའི་དབྱངས་དང་རྔ་ཚིག་གི་རྣམ་གཞག་རྒྱལ་བསྟན་མཛེས་པའི་རྒྱན་མཆོག་དང༌། ལེགས་ལྡན་སྟག་