R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༢༤
[A:༡༢༤]ཞོན་གྱི་བསང་མཆོད་དང༌། སྒྲོལ་མ་གཡུལ་མདོས་དང༌། བདུད་ཟློག་གི་ཆོག་སྒྲིགས་སོགས་ཕྲན་ཚེགས་ཙམ་ལས་མཐོང་རྒྱུ་མ་མཆིས་སོ། །དོན་འདི་དག་ལ་དགོངས་ནས་དཔལ་སའི་དབང་ཕྱུག་ཆེན་པོས་མཛད་པའི་གསོལ་འདེབས་ལས་ཀྱང༌། དེ་ལྟར་གསུང་ཀུན་དག་གསལ་སྙན་ཅིང་འཇེབས། །རྒྱས་བསྡུས་འཚམས་ཤིང་གདུལ་བྱའི་རྒྱུད་ཚོད་མཐུན། །གོ་སླ་བཟུང་བདེ་མན་ངག་གནད་རྟོགས་ནུས། །འཆད་པའི་ཡོན་ཏན་ཀུན་ལྡན་དེ་ལ་འདུད། །ཅེས་དང༌། ཡང་དེ་ཉིད་ལས། མ་རིག་ལོག་པའི་ལམ་དུ་འཕྱན་པ་རྣམས། །ལུང་དང་རིག་པ་ཚད་མས་བརྒལ་ཞིང་བརྟགས། །ལོག་རྟོག་བསལ་ནས་མ་ནོར་ཆོས་ལ་བཀོད། །རྩོད་པས་རྒྱལ་བསྟན་གསལ་མཛད་མཆོག་ལ་འདུད། །རྒྱ་ཆེ་གཏིང་དཔག་དཀའ་བའི་མདོ་རྒྱུད་དོན། །གསལ་བྱེད་གཞུང་བཟང་རྨད་དུ་བྱུང་བ་ཅན། །གསོལ་འདེབས་བཅའ་ཡིག་དབྱངས་རོལ་རྣམ་གཞག་སོགས། །ཚིག་དོན་ཕུན་ཚོགས་རྩོམ་མཛད་དེ་ལ་འདུད། །ཅེས་བསྔགས་པར་མཛད་དོ། །བཙུན་པ་དང་བཟང་བའི་ཡོན་ཏན་ནི། སྤྱིར་རྗེ་འདི་སྐུུ་ན་ཆུང་ངུའི་དུས་ནས་ཁ་ན་མ་ཐོ་བའི་སྤྱོད་པ་ཅི་ཡང་མི་མཛད་ཅིང༌། ཁྱད་པར་སོ་སོར་ཐར་པའི་སྒོར་ཞུགས་ཏེ་བསླབ་པ་རིན་པོ་ཆེ་རྣམས་ཞལ་གྱིས་བཞེས་ཚུན་ཆད་ནས། ཡོངས་སུ་མྱ་ངན་ལས་མ་འདས་ཀྱི་བར་དུ། དགག་སྒྲུབ་གནང་གསུམ་གྱི་བསླབ་བྱ་ཕྲ་ཞིང་ཕྲ་བ་རྣམས་ཀྱང་ཁྱད་དུ་མི་གསོད་པར་སྲོག་གི་དབང་པོ་ལྟར་གཅེས་པར་འཛིན་ཅིང༌། ཐ་ན་ཞབས་འབྲིང་པ་རྣམས་ཀྱིས་སྔ་རབས་ད་བྱུང་ལྟ་བུའི་གཏམ་ཟུར་ཙམ་རེ་གླེང་ནའང༌། རྗེའི་ཞལ་ནས་དོན་མེད་དུ་ངག་འཁྱལ་ལབ་ནས་ཅི་བྱེད། དེ་བས་ཁ་བཙུམ་གསུངས་ཤིང༌། དགོས་གནད་ཡོད་པའི་གཏམ་འདྲ་དང༌། ཆོས་ཀྱི་བགྲོ་གླེང་འདྲ་མ་གཏོགས་དོན་མེད་དུ་སྐད་ཅ་ཚིག་གཅིག་ཀྱང་བཤད་ས་མེད། སྐུའི་བཞུགས་ཚུལ་དང༌།