[A:༡༢༥] ན་བཟའ་བཞེས་ཚུལ་ཚུན་ཆད་ཀྱང་མི་ལེགས་པ་མི་མངའ། མདོར་ན་སྐུ་གསུང་ཐུགས་ཀྱི་དབང་པོ་དུལ་ཞིང་ཞི་ལ་བག་དང་ལྡན་པ་དང༌། སྤྱོད་ལམ་ཐམས་ཅད་མཛེས་ཤིང་བརྗིད་ཆགས་པ་དང༌། གང་དུ་བཞུགས་པའི་ས་ཕྱོགས་ཐམས་ཅད་གཙང་ཞིང་ཡིད་དུ་འོང་བ་དང༌། སྐུ་ལུས་ལས་ཚུལ་ཁྲིམས་ཀྱི་དྲི་བསུང་ཞིམ་པོ་འཐུལ་བ་སོགས་ནི་ཐམས་ཅད་ལ་མངོན་སུམ་ཚད་མས་གྲུབ་ཅིང༌། དེ་དུས་ཀྱི་དབུས་གཙང་ཁམས་གསུམ་ན་སྐུ་བཙུན་པའི་མཐར་ཐུག་པར་གྲགས། དུས་རྒྱུན་གྱི་སྐུ་འཁོར་བ་རྣམས་ཀྱིས་ཀྱང་མཛད་སྤྱོད་ཆེ་ཕྲ་གང་ལའང་སྐྱོན་སྤུ་ཙམ་ཞིག་གདགས་སུ་མེད་པའི་ཁར། ཉིན་རེ་བཞིན་དད་པ་དབང་མེད་དུ་འཕེལ་བ་ཁོ་ནར་གྱུར། གཞན་དག་ལའང་ལམ་གྱི་རྩ་བ་དམ་ཚིག་དང་སྡོམ་པ་ཡིན་པས་སྲུང་སྡོམ་ཚུལ་བཞིན་དུ་བྱ་དགོས་ཞེས་ནན་ཏན་ཆེན་པོས་འདོམས་པར་མཛད་ཅིང༌། དེ་ལ་བརྟེན་ནས་ཞབས་འབྲིང་བ་རྣམས་ཀྱང་མཁས་བཙུན་བཟང་གསུམ་འཛོམ་པ་ཤ་སྟག་ཡོད་པ་ཡིན་ནོ། །དེར་མ་ཟད་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་སྡོམ་པ་གསན་ནས་བཟུང་སྟེ་བདག་བས་གཞན་གཅེས་ཀྱི་རྟོགས་པ་བཅོས་མ་མ་ཡིན་པ་ཐུགས་རྒྱུད་ལ་མངའ་ཞིང༌། དེའི་སྟོབས་ཀྱིས་གཞན་ལ་ཕན་གང་ཐོགས་མཛད་པ་ལས། གནོད་པའི་རིགས་ཏིལ་འབྲུ་ཙམ་ཡང་མི་མཛད་དེ་དཔེར་མཚོན་ན། ཁམས་སུ་བཞུགས་སྐབས་རྟ་གཅིག་རྐུན་མས་ཁྲིད་སོང་བས། ཕྱག་མཛོད་པས་རྩད་བཅད་པས་ཆོད་དེ། རྗེ་འདི་ལ་ཅི་བྱེད་ཀྱི་བཀའ་འདྲི་ཞུས་པར། ད་ཕྱིན་རྐུ་མི་བྱེད་པའི་དམ་བཅའ་བྱེད་དུ་ཆུག །དེ་བཞིན་བྱས་ཚེ་རྟ་ཁོ་རང་ལ་ཕར་སྤྲོད། དེའི་སྟེང་དུ་ཇ་འཁོར་གཅིག་སྤྲོད་གསུངས་པ་ལྟར་ཕྱག་མཛོད་པས་ཀྱང་དེ་བཞིན་བྱས་པ་དང༌། ཆོས་རྒྱལ་མཆོག་ནས་གཞན་དག་ལ་བཀའ་ཡི་ཆད་པ་