[A:༡༢༩]མཛད། དེ་ནུབ་ར་མདའ་བ་རྣམས་ཀྱིས་དུད་འགྲོ་ཚང་མ་དེད་ནས་སླེབ་བྱུང་བར། ཕན་ཚུན་གཉིས་ཆར་གྱི་མི་རྟ་སུ་ལའང་སྐྱོན་མ་བྱུང་ཚུལ་ཟེར་བ་སོགས་དེ་འདྲའི་རིགས་ཅན་མང་དུ་ཡོད་པར་སྣང༌། དུས་རྒྱུན་དུ་བཀའ་བཀྱོན་སོགས་གཏན་ནས་མི་མཛད་ཀྱང༌། སྐུ་ཤིན་ཏུ་ཟིལ་ཆེ་བས། ཆོས་རྒྱལ་ཆེན་པོས་དབུས་དྲག་ཞན་སུ་སྐུ་མདུན་དུ་བཅར་ཀྱང༌། རྟབ་རྟབ་པོར་མི་འགྱུར་བ་སུ་ཡང་མ་མཆིས་པས། ཐམས་ཅད་ཀྱིས་ཆོས་སྐྱོང་མངོན་སུམ་དུ་འཁོར་བར་གདོན་མི་ཟའོ། །ཞེས་གླེང་བར་བྱེད་དོ། །མདོར་ན་བདག་ཉིད་ཆེན་པོ་འདིའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཐའ་དག་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྤྱོད་ཡུལ་ཁོ་ན་ལས། བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་ནི་རྣམ་ཐར་གྱི་ཆ་ཤས་ཙམ་ཡང་རྟོགས་པར་ནུས་པ་མ་ཡིན་ནོ། །དོན་འདི་རྣམས་ལ་བརྟེན་ནས་སྡོམ་བརྩོན་སྐྱེ་དགུའི་བདག་པོ་མཆོག་གིས་མཛད་པའི་གསོལ་འདེབས་ལས་ཀྱང༌། རང་གཞན་གྲུབ་མཐའ་ཤེས་བྱའི་གནས་མཐའ་དག །བདེ་བླག་ཉིད་རྟོགས་བརྗེད་མེད་དྲན་པ་དང༌། །སྤོབས་པ་ཕུལ་གྱུར་སྒྲུབ་དང་སུན་འབྱིན་པའི། །མཁྱེན་རབ་རྨད་བྱུང་མཁས་པ་ཆེན་པོར་འདུད། །ངོ་བོ་གཞན་གནོད་གཞིར་བཅས་སྤང་སྡེ་ལྔ། །ཆར་གཏོགས་བཅས་ཀྱིས་མ་གོས་ཚུལ་ཁྲིམས་དྲིས། །ཡིད་འཕྲོག་དད་པ་འཕེལ་མཛད་གནས་བརྟན་ཆེ། །འདུལ་འཛིན་བཙུན་པའི་ཡང་རྩེ་དེ་ལ་འདུད། །སེམས་ཅན་ངན་སོང་སྐྱེས་དང་སྡུག་བསྔལ་གྱིས། །ཉམ་ཐག་དག་ལ་སྙིང་རྗེའི་སྤྱན་གྱིས་གཟིགས། །ཁྲོ་བ་མི་མངའ་བདག་བས་གཞན་གཅེས་ཀྱི། །ཐུགས་ཅན་བྱམས་མགོན་བཟང་པོ་དེ་ལ་འདུད། །གསང་སྔགས་དབང་བཞིའི་མཉམ་རྗེས་བཟའ་བསྲུང་དང༌། །མི་འབྲལ་དམ་ཚིག་དྲི་བྲལ་