[A:༡༣༠]མཚན་རྟོག་གིས། །ནམ་ཡང་མི་བརྫི་བདེ་སྟོང་ཟུང་འཇུག་ཅན། །རྡོར་འཛིན་བྱེ་བའི་གཙུག་རྒྱན་དེ་ལ་འདུད། །ཅེས་སོགས་དང༌། གཞོན་ནུའི་དུས་ནས་རྩ་གསུམ་འདུས་པའི་དངོས། །མ་ཧཱ་གུ་རུའི་དགྱེས་ཞལ་རྒྱུན་པར་གཟིགས། །གསན་སྦྱོང་གནང་ཚེ་ཕྲིན་ལས་མགོན་པོ་ཡིས། །ཇི་ལྟར་བསྒོ་བའི་བཀའ་སྒྲུབ་དེ་ལ་འདུད། །ཅེས་དང༌། ཞིང་སྐྱོང་ཆེ་སོགས་བསྟན་སྲུང་བྲན་དུ་འཁོལ། །དྲེགས་ལྡན་འབྱུང་པོའི་ཚོགས་རྣམས་སྙིང་རྗེས་འདུལ། །སྐྱེ་འཕོ་གཟིགས་སོགས་སྦྱོར་ལམ་རྩེ་མོ་ཡི། །ཡོན་ཏན་མཆོག་མངའ་གྲུབ་པའི་དབང་པོར་འདུད། །ཕྱི་རོལ་གདོས་བཅས་བྲག་ལ་ཕུར་བུ་བཏབ། །བར་དུ་སྣང་བ་དཀྱིལ་འཁོར་འཁོར་ལོར་ཤར། །སྲིད་ཞི་མཉམ་ཉིད་འཁོར་འདས་དབྱེར་མེད་རྟོགས། །ས་དྲུག་བཞུགས་པའི་སེམས་དཔའ་དེ་ལ་འདུད། །ཅེས་སོགས་གསུང་བར་མཛད་དོ། །མཁྱེན་པའི་ཆ་ཤས་ཡོངས་རྫོགས་ཤིང༌། །འཆད་རྩོད་རྩོམ་པའི་བསིལ་ཟེར་གྱིས། །འཇིག་རྟེན་གསུམ་གྱི་མུན་པ་ཀུན། །མིང་གི་ལྷག་མ་ཉིད་དུ་བྱས། །ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི། །ནོར་བུའི་ཁང་པར་གནས་བཅས་ཏེ། །དྲན་དང་ཤེས་བཞིན་རྔ་ཡབ་ཀྱིས། །བཅས་རང་ཉེས་པའི་རྡུལ་ཀུན་བསལ། །མཐའ་ཡས་འགྲོ་ལ་བརྩེ་བ་ཡིས། །ནམ་མཁའི་ཕ་མཐའ་ཚོལ་བ་བཞིན། །དེས་ཀྱང་ཁྱོད་ཀྱི་ཕྲིན་ལས་ནི། །ཚད་ཀྱིས་འཇལ་བ་ལྟ་བུར་གནས། །གསང་ཆེན་སྡོམ་པའི་རྩ་བ་བརྟན། །རྣམ་གྲོལ་འབྲས་བུའི་མེ་ཏོག་བཀྲ། །གྲུབ་གཉིས་འདོད་དགུ་སྦྱིན་མཁས་པའི། །དཔག་བསམ་ལྗོན་འདྲ་ཁྱོད་ལས་སུ། །འགའ་ཞིག་སྨྱོན་པའི་བརྟུལ་ཞུགས་འཛིན། །དེར་ནི་གྲུབ་པའི་མིང་གིས་བརྒྱན། །གཞན་དག་དངོས་གྲུབ་ཕྲན་ཚེགས་ཙམ། །ཐོབ་ལ་གྲུབ་པའི་སྙེམས་པ་