R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༣༡
[A:༡༣༡]འཆང༌། །ཁྱོད་ནི་དམ་ཚིག་སྡོམ་པ་ལས། །གྲོལ་ཡང་སྲོག་ལྟར་གཅེས་པར་འཛིན། །གྲུབ་པ་ཆེན་པོའི་སར་གཤེགས་ཀྱང༌། །ད་དུང་གྲུབ་མིན་སྤྱོད་པ་སྐྱོང༌། །དེ་སླད་གང་གི་ཡོན་ཏན་ནི། །སོ་སྐྱེའི་བློ་ཡི་སྤྱོད་ཡུལ་མིན། །ཕྱེ་མ་ལེབ་ཀྱི་གཤོག་རྩལ་གྱིས། །རབ་འབྱམས་ཞིང་གི་མཐའ་སྙེགས་བཞིན། །།གཉིས་པ་ཕྲིན་ལས་ཀྱི་རྒྱུན་སྐྱོང་བའི་ཞལ་སློབ་ཇི་ལྟར་བྱུང་བའི་ཚུལ་ནི། མཚུངས་པ་མེད་པའི་ཆོས་ཀྱི་རྗེ་འདི་ལས། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩིའི་བཀའ་དྲིན་མང་དུ་ནོས་པ་ལ་བརྟེན་ནས། བློ་གྲོས་ཀྱི་ལུས་སྟོབས་ཡོངས་སུ་རྒྱས་པར་གྱུར་པའི་ཞལ་སློབ་ནི་སྟོད་མངའ་རིས། བར་དབུས་གཙང༌། སྨད་མདོ་ཁམས་རྣམས་སུ་མཐའ་ཡས་པ་ཞིག་བཞུགས་མོད། དེ་རྣམས་རེ་རེ་ནས་བརྗོད་པར་ག་ལ་ནུས། འདིར་རགས་རིམ་ཙམ་དཔེར་མཚོན་ན། དཔལ་ཨེ་ཝྃ་ཆོས་ལྡན་གྱི་ཆོས་ཀྱི་ཁྲི་ལ་ཞབས་ཀྱི་པདྨོ་བཀོད་དེ་སྡེ་སྣོད་རྒྱ་མཚོའི་དོན་སྨྲ་བ་མཁན་ཆེན་བྱམས་པ་བསོད་ནམས་དཔལ་འབྱོར་པ་དང༌། ཁྱད་པར་སྐུའི་དབོན་རིན་པོ་ཆེ་ལྷར་བཅས་འགྲོ་བ་ཡོངས་ཀྱི་གཙུག་རྒྱན། མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་དང༌། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཀྱང༌། ཡོན་ཏན་སྦས་པའི་ཚུལ་གྱིས་འགྲོ་བ་རྣམས་འདྲེན་པ་དབོན་རིན་པོ་ཆེ་མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་པ་སྟེ་སྐུ་མཆེད་གཉིས་དང༌། མཁྱེན་པའི་སྤྱན་རས་གསལ་བ་ཀླུ་ལྡིངས་ཞབས་དྲུང་རིན་པོ་ཆེ་ཤར་ཆེན་ངག་དབང་བསྟན་པའི་རྒྱལ་མཚན་པ་དང༌།