[A:༡༣༢] ཟབ་རྒྱས་ཆོས་ཚུལ་སྨྲ་བ་ཕན་ཁང་ཞབས་དྲུང་རིན་པོ་ཆེ་ངག་དབང་བསྟན་པ་རིན་ཆེན་པ་དང༌། གཞན་ཡང་དཔལ་ཨེ་ཝྃ་ཆོས་ལྡན་དུ་བཞུགས་པའི་བླ་མ་དང༌། སློབ་དཔོན་དང༌། དགེ་བའི་བཤེས་གཉེན་གྱི་ཚོགས་རབ་ཏུ་མང་པོ་དང༌། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་རྒྱལ་རྩེ་གུར་པ་མཁན་པོ་ནམ་མཁའ་དཔལ་བཟང་སོགས་དབུས་གཙང་དང༌། མངའ་རིས་རྣམས་སུ་བཞུགས་པའི་བླ་མ་དང་དགེ་བའི་བཤེས་གཉེན་གྱི་ཚོགས་ཤིན་ཏུ་མང་པོ་དང༌། མདོ་ཁམས་སུ་བསྟན་པའི་སྦྱིན་བདག་ཆེན་པོ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཆོས་རྒྱལ་ས་དབང་བཟང་པོ་དང༌། དེའི་སྲས་རབ་འབྱམས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཆོས་རྒྱལ་ཆེན་པོ་ཚེ་དབང་རྡོ་རྗེ་རིག་འཛིན་ནམ་ཕྱིས་རབ་ཏུ་བྱུང་བའི་མཚན་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་དུ་གྲགས་པ་དང༌། དེའི་ལྷ་སྲས་ཆེ་བ་དམ་ཚིག་རྡོ་རྗེ་ཚེ་རིང་རྣམ་རྒྱལ་ལ་སོགས་པ་དང༌། ཕན་ཚུན་ཆོས་ཀྱི་གསན་རེས་མཆིས་པ་སྡེ་དགེའི་དབུ་བླ་ངག་དབང་ཆོས་འབྱོར་དང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པའི་ཡི་དམ་གྱི་ལྷ་མང་པོའི་བསྙེན་སྒྲུབ་མཐར་ཕྱིན་པ་གྲུབ་མཆོག་ངག་དབང་རིན་ཆེན་དང༌། ཕྱི་ནང་རིག་པའི་གནས་ཐམས་ཅད་ལ་ཐོགས་པ་མེད་པའི་མཁྱེན་རབ་རྒྱས་པ་ཞུ་སློབ་ཀུན་དགའ་དོན་གྲུབ་དང༌། ཉམས་དང་རྟོགས་པའི་དབང་ཕྱུག་གདོང་དགོན་བླ་མ་བསྟན་འཛིན་ཕུན་ཚོགས་དང༌། རྣལ་འབྱོར་མའི་སྙིང་པོ་འབྲུ་འབུམ་བཅོ་བརྒྱད་ཙམ་དང༌། ཡི་གེ་དྲུག་པ་དང༌། གུར་གྱི་མགོན་པོའི་བསྙེན་པ་དུང་ཕྱུར་རེ་རེ་སོང་བ་བླ་མ་དཔལ་ལྡན་ཕྲིན་ལས་དང༌། བསྟན་པ་རིན་པོ་ཆེར་སྨན་པའི་ཕྲིན་ལས་ཅན་བླ་མ་དགེ་འདུན་རྒྱ་མཚོ་དང༌། གསང་སྔགས་རྙིང་མ་བའི་རིང་ལུགས་འཛིན་པ་ལྷ་འབྲང་བླ་མ་དཔལ་ལྡན་ཆོས་རྒྱལ་དང༌། ལུང་རིག་