[A:༡༣༣]སྨྲ་བ་སྡེ་གཞུང་བླ་མ་ཕྲིན་ལས་རབ་རྒྱས་དང༌། གཞན་ཡང་ཤར་བླ་མ་དཀོན་མཆོག་བཀྲ་ཤིས། བླ་མ་བསོད་ནམས་རྒྱལ་མཚན་པ་ཁུ་མཚན། ནུབ་བླ་མ་དཔལ་ལྡན་རིན་ཆེན། འབའ་དབོན་པོ་བླ་མ་ཀུན་དགའ་ཡེ་ཤེས། དྲྭ་སྒང་སློབ་དཔོན་ངག་དབང་བཟང་པོ། ཁྲ་ལེབ་ཆོས་རྗེ་དགེ་ལེགས་རྒྱལ་མཚན། ཚེ་གཅིག་ཏུ་སྒྲུབ་པའི་རྒྱལ་མཚན་འཛིན་པ་ཕྲིན་ལས་རབ་རྒྱས་སོགས་མདོར་ན་ཞལ་སློབ་ཀྱང་མཁས་བཙུན་བཟང་གསུམ་འཛོམ་པ་ནམ་མཁའི་སྐར་ཚོགས་ཙམ་ཞིག་བྱུང་ཞིང༌། དེ་རྣམས་ཀྱིས་ཀྱང་འཆད་རྩོད་རྩོམ་གསུམ་ལ་སོགས་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ཐམས་ཅད་དར་ཞིང་རྒྱས་པར་མཛད་པ་ཡིན་ནོ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །དགེ་ལེགས་བདུད་རྩིའི་སྙེ་མ་ཀུན། །ཁྱོད་ལས་འབྱུང་ཕྱིར་དེ་བས་ན། །སྐལ་བཟང་དབྱར་གྱི་སྤྲིན་བཞིན་འདུས། །ཁྱོད་ཚུལ་ནོར་བུའི་བང་མཛོད་ལས། །དམ་ཆོས་རིན་ཆེན་ལེགས་བླངས་ནས། །གདུལ་བྱའི་དབུལ་བ་སེལ་མཁས་པས། །ཡངས་པའི་ལྗོངས་འདི་དོག་པོར་བྱས། །དེ་ཚེ་ཐུབ་བསྟན་ཡོངས་འདུའི་ལྗོན། །རབ་ཏུ་རྒྱས་པའི་ངོ་མཚར་ནི། །ཟླ་ཤེལ་འོད་ཀྱིས་བྲན་པ་ཡི། །ཆུ་གཏེར་གྱིས་ཀྱང་མཚོན་མ་གྱུར། །འཁོར་བའི་རབ་རིབ་ཀུན་འཕྲོག་ཅིང༌། །ཆོས་ཀྱི་སྣང་བ་རབ་སྟེར་བའི། །འགྲོ་བའི་སྒྲོན་མེ་མང་བསྐྲུན་པའི། །ཁྱོད་ཀྱི་བཀའ་དྲིན་བསམ་ལས་འདས།། །།སྤྱི་དོན་ལྔ་པ་མཐར་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་ནས་སླར་ཡང་སེམས་ཅན་གྱི་དོན་རྒྱུན་མི་འཆད་པའི་ཚུལ་ནི། དེ་ལྟར་དགུང་ལོ་ལྔ་བཅུ་ང་ལྔ་ཡན་ཆད་དུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་ཡང་དང་ཡང་དུ་བསྐོར་ཏེ། སྲས་ཀྱི་ཐུ་བོ་རྣམས་ནི་རྣམ་པར་གྲོལ་བའི་གོ་འཕང་ལ་བཀོད་དེ། མཐའ་ཡས་པའི་