R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༤༡
[A:༡༤༡]གནང༌། །གཞན་དོན་གཤེགས་ཚེ་འཇའ་འོད་མེ་ཏོག་ཆར། །བར་སྣང་སྤྲིན་རྣམས་མཆོད་སྤྲིན་སྣ་ཚོགས་གཟུགས། །དཔའ་བོ་མཁའ་འགྲོས་དངོས་སུ་བསུས་ལ་འདུད། །བདུན་ཕྲག་བར་དུ་འོད་གསལ་ངང་ལ་བཞུགས། །ས་དང་ལམ་གྱི་ལྷག་མ་ཀུན་བགྲོད་ནས། །ཟུང་འཇུག་རྡོ་རྗེ་འཆང་ས་མངོན་གྱུར་པའི། །དུས་གསུམ་སངས་རྒྱས་དེ་ལ་སྙིང་ནས་འདུད། །རྩ་བརྒྱུད་བླ་མ་རྣམས་དང་ཐུགས་རྒྱུད་གཅིག །གྲུབ་སྩོལ་ཡི་དམ་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེའི་ཆོས་སྐྱོང་ནོར་ལྷའི་མངའ་བདག་རྗེ། །རྩ་གསུམ་ཀུན་འདུས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུང་པར་མཛད་དོ། །ཐུགས་དམ་ལ་བཞུགས་པའི་སྐབས་རྣམས་སུའང༌། ཕན་གླིང་བླ་བྲང་གི་སྟེང་དུ་འཇའ་ཁ་དོག་སྣ་ཚོགས་པས་གུར་ཕུབ་པ་ལྟ་བུར་ཡོད་པ་སྐྱེ་བོ་དད་པ་ཅན་ཁ་ཅིག་གིས་མཐོང་བ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་ངོ༌། །དེ་ནས་ཚེས་ཉེར་དགུའི་ཉིན་མི་ཕྱེད་པའི་དད་པ་བརྟན་པོས་རྒྱུད་ཡོངས་སུ་བརླན་པའི་སྦྱིན་བདག་བུ་སློབ་རྣམས་ལ་སྐུ་གདུང་རིན་པོ་ཆེ་མིག་གི་བདུད་རྩིར་བསྟན་པ་དང་གསོལ་བ་འདེབས་སུ་བཅུག་ཅིང༌། དེའི་རྗེས་སུ་རྒྱུད་དང་མན་ངག་གི་གཞུང་རྣམས་ལས་ཇི་ལྟར་འབྱུང་བ་བཞིན་འཇིག་རྟེན་ཀུན་གྱི་མཆོད་སྡོང་བླ་ན་མེད་པའི་སྐུ་གདུང་རིན་པོ་ཆེར་ཆོ་ག་རྣམ་པར་དག་པའི་སྒོ་ནས་བསྒྲུབས་པའི་བུམ་ཆུས་ཡང་དང་ཡང་དུ་སྐུ་ཁྲུས་ལེགས་པར་གསོལ་ཞིང༌། ཙནྡན་དང༌། གུར་གུམ་ལ་སོགས་པའི་དྲི་བཟང་དང༌། སྨན་སྣ་ཚོགས་ཀྱི་ལྡེ་གུས་ཡོངས་སུ་བྱུགས་པ་དང༌། རས་སེར་པོས་ལེགས་པར་དཀྲིས་ཤིང༌། དབུ་རྒྱན་དང༌། ལྷ་རྫས་ཀྱི་ན་བཟའ་མང་པོས་མཛེས་པར་བཀླུབས་ཏེ། གདུང་སྒྲོམ་གྱི་ཁྲིའི་སྟེང་དུ་སྤྱན་དྲངས་ནས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུའི་དབུས་སུ་བཞུགས་སུ་གསོལ་ལོ། །དེའི་ཚེའང་ནམ་མཁའ་ཐམས་ཅད་འཇའ་སྤྲིན་གྱིས་གང་བ་དང༌། ཕན་