R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༤༢
[A:༡༤༢]གླིང་བླ་བྲང་གི་སྟེང་དུ་འཇའ་ཟུག་པ་དང༌། མེ་ཏོག་གི་དབྱིབས་ལྟ་བུ་ཡོད་པའི་གངས་ཟིམ་བུར་བབས་པ་སོགས་སྐྱེ་བོ་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པ་དང༌། ཁྱད་པར་སྐུ་གདུང་གི་དབུ་དང་ཞལ་རས་ནི་སྔར་མུ་ལྟར་ལ། སྐུ་གཟུགས་དངོས་བྱིས་པ་ལོ་བཅུ་ལོན་པའི་གཟུགས་ཀྱི་ཚད་ཙམ་ལས་མ་མཆིས་པས་གདན་དྲང་པ་དང༌། སྐུ་ཁྲུས་གསོལ་བའི་ཚེ་ཤིན་ཏུ་སླ་བར་སྣང་ངོ་ཞེས་བདག་གི་བླ་མའི་ཞལ་སྔ་ནས་གསུང་ངོ༌། །དེ་ནས་གཟིམ་ཆུང་གི་མདོར་མཁས་དབང་ཀུན་དགའ་དོན་གྲུབ་པ་དང༌། གདོང་དགོན་བླ་མ་བསྟན་འཛིན་ཕུན་ཚོགས་བཅས་ཀྱིས་གཙོ་མཛད་དགེ་འདུན་བཅུ་ཕྲག་གཅིག་གིས་དཔལ་ཀྱེ་རྡོ་རྗེའི་རས་བྲིས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་སྒྲུབ་ཅིང་མཆོད་པ་དང༌། ལོགས་ཤིག་ཏུ་དགེ་འདུན་ཉི་ཤུ་སྐོར་གྱིས་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བཞེངས་ཏེ་སྒྲུབ་ཅིང་མཆོད་པ་སོགས་མཛད་པ་དང༌། སྡེ་དགེ་ཆོས་རྒྱལ་མཆོག་ནས་ཀྱང་ཉེར་སྤྱོད་ལྔ་རེ་རེ་ནས་སྟོང་ཕྲག་ཏུ་ལོངས་བ་ལ་སོགས་པའི་མཆོད་པ་ཤིན་ཏུ་རྒྱ་ཆེ་བ་དང༌། སྐུ་གདུང་རིན་པོ་ཆེར་འབུལ་བ་རིན་ཆེན་གཉིས་པ་ཐུར་སྲང་ལྔ་བཅུ། ལྗོན་འདབ་འཁོར་དྲུག་སུམ་བརྒྱ། མར་ཁལ་དྲུག་བརྒྱ་ལ་སོགས་པ་ཤིན་ཏུ་ཟབ་ཅིང་དཔངས་མཐོ་བ་དང༌། གཞན་ཡང་བཀའི་མདུན་ན་འདོན་རྣམས་ཀྱིས་གཙོ་མཛད་པའི་ཆོས་རྒྱལ་ཆེན་པོའི་སྐུ་འཁོར་བ་རྣམས་དང༌། ལྷུན་གྲུབ་སྟེང་གི་བླ་མ་དབུ་ཆོས་སོགས་ཀྱིས་གཙོས་པའི་གྲྭ་རིགས་སྦྱིན་བདག་ཐམས་ཅད་ནས་ཀྱང་གདུང་མཆོད་དང༌། གདུང་འབུལ་ལ་སོགས་པ་ཤིན་ཏུ་རྒྱ་ཆེ་བའི་ལེགས་བྱས་ཀྱི་ཟླ་འོད་གཞོན་ནུས་བསོད་ནམས་ཀྱི་ཆུ་གཏེར་ཅིའང་རྒྱས་པར་བྱས་སོ། །དེ་ནས་ཧོར་ཟླ་གཉིས་པའི་ཚེས་དྲུག་གི་ཉིན་ཀླུ་ལྡིངས་ཞབས་དྲུང་རིན་པོ་ཆེ་ངག་དབང་བསྟན་པའི་རྒྱལ་མཚན་གྱིས་དབུ་མཛད་པའི་དགེ་སློང་བཅུ་ཕྲག་གཅིག་གིས་དཔལ་ཀྱེ་རྡོ་རྗེ་ལ་བརྟེན་པའི་དུས་ཐ་མའི་ཆོ་གའི་སྒོ་ནས་ཞུགས་འབུལ་བ་དང༌། གྲུབ་