R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༤༣
[A:༡༤༣]མཆོག་ངག་དབང་རིན་ཆེན་གྱིས་གཙོས་པའི་དགེ་འདུན་མང་རབ་ཅིག་གིས་ཀུན་རིག་ལ་བརྟེན་པའི་སྦྱིན་སྲེག་གི་མཆོད་པ་ཕུལ་ཞིང༌། དེ་སྐབས་སྐུ་གདུང་རིན་པོ་ཆེ་ཐོག་མར་ཞལ་ནུབ་ཏུ་བསྟན་ནས་བཞུགས་ཡོད་པ་ལ། མེ་ཅུང་ཟད་ཅིག་བཞེས་ནས་ཞལ་བྱང་དུ་ཕྱོགས་སོང་བ་ཅི་ཡིན་མ་ངེས་གསུངས། དེའི་ཚེའང་མེ་ཏོག་གི་དབྱིབས་ཅན་གྱི་གངས་ཟིམ་བུར་བབས་པ་དང༌། འཇའ་ཟུག་པ་སོགས་སྐྱེ་བོ་ཐམས་ཅད་ཀྱིས་མཐོང་བ་བྱུང་ངོ༌། །དེ་ནས་ཞག་བདུན་ནས་གདུང་ཁང་ཞལ་ཕྱེས་ཏེ་གདུང་ཐལ་རྣམས་ཆུར་གནས་ཀྱི་སེམས་ཅན་མང་པོར་ཕན་པའི་ཆེད་དུ་ཟུལ་ཆུར་གཤེགས། གདུང་རུས་འགའ་ཞིག་ཆོས་རྒྱལ་མཆོག་གིས་མཆོད་པའི་རྟེན་དུ་བཞེས། གདུང་རུས་འགའ་ཞིག་འདུར་ནས་མཚལ་དང་རིན་པོ་ཆེ་སོགས་དང་བསྲེས་ཏེ་འདྲ་སྐུ་དང་གདུང་རྟེན་གྱི་གཟུངས་གཞུག་རྣམས་སྤར་སྤྱད་མཛད། དེ་འཕྲོས་ཀྱི་གདུང་རུས་རྣམས་བོད་དུ་བསྣམས་ཏེ་དུས་ཕྱིས་ཆུ་ལ་གནས་པའི་སེམས་ཅན་མང་པོར་ཕན་པའི་སླད་དུ་ཞིབ་པར་འདུར་ནས་གཙང་པོར་གཤེགས་པར་མཛད་སོང་ཞིང༌། དེ་དུས་བདག་ཆུང་ངུའི་དུས་གདུང་རུས་འདུར་བ་མཐོང་བས་སྤོས་ཤིན་ཏུ་དྲི་ཞིམ་པས་ཀྱང་འགྲན་པར་མི་བཟོད་པའི་དྲི་བཟང་པོས་ཁང་པའི་ཕྱི་ནང་ཐམས་ཅད་ཁྱབ་འགྲོ་བ་ཞིག་སྣང༌། གདུང་རུས་ཕྲན་ཚེགས་འདྲ་ཁམས་ཕྱོགས་ཀྱི་དད་ལྡན་འགའ་ཞིག་གི་ལག་ཏུ་སོན་པར་གཅིག་ལ་འཕེལ་གདུང་ཁ་ཤས་འཁྲུངས་སྐད་ཐོས། མདོར་ན་ཐུགས་དམ་ལས་གྲོལ་བ་ནས་བཟུང་ཞག་ཞེ་དགུ་ལྷག་ཙམ་གྱི་བར་ལ་དགེ་འདུན་བཅུ་ཕྲག་གཅིག་གིས་དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་མཆོད་ཆག་མེད་དང༌། དགེ་འདུན་ཉི་ཤུ་སྐོར་གྱིས་བཅོམ་ལྡན་འདས་ཀུན་ཏུ་རིག་པའི་སྒྲུབ་མཆོད་ཞག་ཞེ་དགུའི་བར་མ་ཆག་པ་དང༌། དེ་ཐམས་ཅད་ལའང་ཉིན་རེ་བཞིན་དགེ་སློང་བཞི་རེ་ལ་ཕྱག་འགྱེད་ལྗོན་འདབ་སྦག་རེ་དང༌། དེའི་སྟེང་དུ་ཚབ་ར་ལ་སོགས་པའི་བསྙེན་