R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༧
[A:༡༧]འཕྲུལ་པ་ཆེན་པོ་རྣམ་པ་བཅུར་ཁོང་དུ་ཆུད་པར་བྱ་སྟེ། གང་ཞེ་ན་འཁོར་ལོས་སྒྱུར་བར་འཕྲུལ་པ་དང༌། བརྒྱ་བྱིན་དུ་འཕྲུལ་པ་དང༌། ཚངས་པར་འཕྲུལ་པ་དང༌། ཉན་ཐོས་སུ་འཕྲུལ་པ་དང༌། རང་སངས་རྒྱས་སུ་འཕྲུལ་པ་དང༌། བྱང་ཆུབ་སེམས་དཔར་འཕྲུལ་པ་དང༌། སངས་རྒྱས་སུ་འཕྲུལ་པ་དང༌། སངས་རྒྱས་ཀྱི་ཞིང་དུ་འཕྲུལ་པ་དང༌། བྱང་ཆུབ་ཀྱི་སྙིང་པོར་འཕྲུལ་པ་དང༌། འཁོར་ཆེན་པོར་འཕྲུལ་པ་སྟེ་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕྲུལ་པ་ཆེན་པོར་ཁོང་དུ་ཆུད་པར་བྱའོ། །ཞེས་སོགས་དང༌། རྡོ་རྗེ་གུར་ལས། གང་དུ་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ། །སོ་སོར་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ། །ཆང་འཚོང་མ་དང༌། སྨད་འཚོང་མར་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ། །ཞེས་དང༌། མངོན་རྟོགས་རྒྱན་ལས། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་བྱ་བ་ལ་སོགས་པ་ཡང་དག་པའི་ལུང་དང༌། སྐྱོན་མེད་པའི་རིག་པ་དང༌། ཤིན་ཏུ་ཟབ་པའི་མན་ངག་དུ་མས་ཡིད་ཆེས་པའི་གནས་སུ་གྲུབ་པ་ཡིན་ནོ། །དེ་ལྟ་བས་ན་རེ་ཞིག་ཀུན་རྫོབ་ཚུ་རོལ་མཐོང་བ་རྣམས་ཀྱི་སྣང་ངོར་སོ་སོ་སྐྱེ་བོའི་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པའི་སྐུར་སྤྲུལ་ནས། གངས་རིའི་ཁྲོད་ཀྱི་གདུལ་བྱ་རྣམས་ཡང་དག་པའི་གྲོང་ཁྱེར་དུ་བཀྲི་བ་དང༌། ཐུབ་པའི་དབང་པོའི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་ཐམས་ཅད་ཟླ་འོད་ཀྱི་ཐུར་མས་ཕྱེས་པའི་མེ་ཏོག་ཀུ་མུ་དཱའི་ཚལ་ལམ། དབྱར་གྱི་མཚོ་བཞིན་དུ་རྒྱས་པར་མཛད་པའི་རྣམ་ཐར་ཁོ་ནའང་བརྗོད་ཀྱིས་མི་ལང་མོད། འོན་ཀྱང་འདིར་སྐབས་སུ་བབ་པ་བདག་ཅག་ཐ་མལ་པ་རྣམས་ཀྱི་བློ་ངོར་སྣང་བའི་རྣམ་པར་ཐར་པ་ཕྱོགས་རེ་ཙམ་མཆིས་པ་རྣམས་རང་དང་གཞན་གྱི་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་