R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༨
[A:༡༨]ཕྱིར་དང༌། ངག་གི་ལས་ཀྱི་སྒྲིབ་པ་མ་ལུས་པ་ཟད་པར་སྤངས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ་པར་བྱ་བའི་ཕྱིར་དང༌། གང་དག་དཀར་པོའི་ཆོས་ཀྱི་གཞི་མར་མེད་དུ་མི་རུང་བའི་དང་འདོད་ཡིད་ཆེས་ཀྱི་དད་པ་མ་སྐྱེས་པ་རྣམས་ཀྱི་རྒྱུད་ལ་དད་པའི་ས་བོན་འཇོག་པ་དང༌། དད་པ་རྣམས་ཀྱི་དད་པའི་རྩ་བ་བརྟན་ཅིང་གོང་ནས་གོང་འཕེལ་དུ་འགྱུར་བར་བྱ་བའི་ཕྱིར་རྒྱ་མཚོ་ལས་ཆུ་ཐིགས་ཀྱི་དཔེ་ལྟར་ཅུང་ཟད་ཙམ་ཞིག་བརྗོད་པ་ལ་དྲན་པ་ཉེ་བར་བཞག་པར་བྱའི། དད་པ་དང་བློ་གྲོས་ཕུན་སུམ་ཚོགས་པའི་སྐྱེ་བོ་དག་ཉོན་ཅིག་དང་ཐོས་པ་ཉིད་ནས་དོན་དང་ལྡན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་རིགས་ཐམས་ཅད་ཀྱི་ནང་ནས་བླ་མར་གྱུར་པ་ཤཱཀྱ་རྣམས་ཀྱི་སྐྱེ་བའི་རབས་བཟུང་ཞིང་ཀུན་ཆུབ་པར་བྱས་ནས་གཞན་ལ་རྒྱ་ཆེར་བསྙད་ན་ཆོས་དང་མཐུན་ཞིང་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འབྱུང་ལ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཕེལ་བར་བྱེད་དོ། །ཞེས་རིགས་གང་ལས་སྐྱེས་བུ་དམ་པ་རྣམས་བྱོན་པའི་སྔོན་གྱི་རབས་བསྙད་ན་ཕན་ཡོན་རྒྱ་ཆེན་པོ་འབྱུང་བར་དྲི་མ་མེད་པའི་མདོ་སྡེ་རྣམས་ལས་མངོན་སུམ་དུ་གསུངས་པའི་ཕྱིར་རོ། །ཨེ་མ་སྟོབས་བཅུ་མངའ་བའི་ཉིན་མོར་བྱེད། །སྟོང་ཕྲག་འཆར་བའི་མི་མཇེད་ཞིང་ཁམས་སུ། །རྩོད་པའི་དུས་འདིར་ཟས་གཙང་སྲས་པོ་ཡིས། །ཆོས་ཚུལ་ནོར་བུའི་སྒོ་འཕར་ཅི་ཡང་ཕྱེས། ༡ །དེ་རྗེས་འཕགས་བོད་མཁས་དང་གྲུབ་རྣམས་ཀྱིས། །རྒྱལ་བསྟན་དབྱར་གྱི་མཚོ་བཞིན་སྤེལ་བ་ཡི། །གྲགས་པའི་རྔ་ཡབ་དཀར་པོ་སྲིད་ཞིའི་ཁོངས། །བཟུང་བ་མེད་པར་གཡོབ་པའི་དགེ་མཚན་འབར། ༢ །ཁྱད་པར་མཚན་གྱི་བདུད་རྩི་འཇོ་བའི་འོད། །སུ་ཞིག་རྣ་བའི་ཀུནྡཱར་རེག་ཙམ་གྱིས། །ཕན་བདེའི་འདབ་སྟོང་ཡོངས་སུ་གྲོལ་འགྱུར་ཞེས། །ཐུབ་པས་ལུང་གིས་རབ་བསྔགས་ཀུན་དགའ་བཟང༌། ༣ །དེས་ནི་སྔོན་